སི་རི་ཡ་ནང་གི་ཨ་རིའི་དམག་མི་ཚང་མ་ཕྱིར་འཐེན་རྒྱུ་ཡིན་ཟེར།

དམག་དཔོན་རྣམས་ཀྱི་གནོན་ཤུགས་ལ་མ་ལྟོས་པར་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་སི་རི་ཡ་ནང་ཡོད་པའི་ཨ་རིའི་དམག་མི་ཚང་མ་གང་མགྱོགས་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་ཐག་གཅོད་གནང་ཡོད་འདུགདེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་དཀྱིལ་ཤར་ཡུལ་གྲུ་སི་རི་ཡའི་(Syria)ནང་ཆེད་གཏོང་བྱས་ཡོད་པའི་ཨ་རིའི་དམག་མི་ཚང་མ་གང་མགྱོགས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་གནང་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་དང་། དབྱིན་ཇི་གཙོས་པའི་མནའ་འབྲེལ་རྒྱལ་ཁབ་ཁག་ཅིག་གིས་དེ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། ཡང་ཊར་ཀིའི་སྲིད་བློན་གྱིས་དེ་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་ཚུལ་བརྗོད་ཡོད་པ་རེད།

སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། ང་ཚོས་སི་རི་ཡའི་ནང་གི་ཁ་ཆེ་དྲག་སྤྱོད་པ་(ISIS)ཕམ་ཉེས་བཏང་ཚར་ཡོད། ད་ལྟ་ང་ཚོའི་ལོ་ན་གཞོན་ཞིང་རླབས་ཆེ་བའི་དམག་མི་རྣམས་རང་ཁྱིམ་དུ་ལོག་རྒྱུའི་དུས་ལ་བསླེབས་ཡོད། ཅེས་བརྗོད་ཡོད་པ་དང་། སྲིད་འཛིན་ཊོམ་ཕུ་ལགས་ནས་དེ་སྔོན་ནས་དཀྱིལ་ཤར་ཡུལ་གྲུ་སི་རི་ཡ་སོགས་ཀྱི་ཆེད་དུ་ཨ་རིས་ཨ་སྒོར་ས་ཡ་མང་པོ་གཏོང་བཞིན་ཡོད་པ་དེ་འཕྲོ་བརླག་ཡིན་སྐོར་གསུངས་ཡོད་པ་རེད། ཨ་རིས་ཕྱི་ལོ་ ༢༠༡༤ ནས་བཟུང་ཁར་ཌི་ཤི་དམག་མི་(Kurdish Force)དང་མཉམ་འབྲེལ་གྱིས། སི་རི་ཡའི་ཁ་ཆེ་དྲག་སྤྱོད་པ་རྩ་མེད་གཏོང་རྒྱུའི་ལས་གཞི་བརྩམས་ཡོད་པ་དང་། ད་ལྟའི་ཆར་ཁ་ཆེ་དྲག་སྤྱོད་པའི་གྲངས་འབོར་དང་ས་ཁོངས་ཀྱི་ཆ་ནས་སྔར་ལས་ལྡབ་འགྱུར་གྱིས་ཉམས་དམས་སུ་ཕྱིན་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་འདུག

ཐག་གཅོད་དེའི་ཐད་ཨ་རིའི་གྲོས་ཚོགས་འཐུས་མི་རྒན་པ་དང་། མནའ་འབྲེལ་རྒྱལ་ཁབ་མང་པོ་ཞིག་གིས་ཐེངས་འདིའི་ཐག་གཅོད་དེས་ཁ་ཆེ་དྲག་སྤྱོད་པ་རྣམས་སླར་གསོ་ཡོང་བའི་གོ་སྐབས་ཤིག་བསྐྲུན་ཡོད་པ་དང་། འདི་ནི་ཨ་རིའི་རྒྱལ་ཁ་ཞིག་མིན་པར་ཁ་ཆེ་དྲག་སྤྱོད་པ་དང་། ཨུ་རུ་སུ། དེ་བཞིན་སི་རི་ཡའི་སྲིད་འཛིན་བྷ་ཤར་ཨལ་ཨ་ས་དྷི་(Bashar al-Assad) བཅས་ཀྱི་རྒྱལ་ཁ་ཡིན་ཚུལ་བརྗོད་ཀྱི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ནས་ཀྱང་སྲིད་འཛིན་ཊོམ་ཕུ་ཡིས་ཐག་གཅོད་དེར་གཞུང་འབྲེལ་འགྲེལ་བཤད་ཅིག་དགོས་སྐོར་བརྗོད་ཀྱི་ཡོད་འདུག

སྲིད་འཛིན་ཊོམ་ཕུ་ལགས་ཀྱི་ཐག་གཅོད་དེར་སྐྱོན་བརྗོད་བྱེད་མཁན་གྱི་ཁྲོད་དུ། དུས་རྒྱུན་ཊོམ་ཕུ་ལགས་ལ་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ལིན་ཌེ་སེ་གྷ་ར་ཧམ་(Lindsay Graham) ལགས་ཀྱིས། ཐག་གཅོད་དེ་ནི་ཉེན་ཚབས་ཆེན་པོ་ཞིག་ཡིན་པ་དང་། ཐག་གཅོད་དེས་ཁ་ཆེ་དྲག་སྤྱོད་པ་དང་ཨི་རན་ལ་རྒྱལ་ཁ་ཆེན་པོ་སྤྲད་ཡོད་ཚུལ་བརྗོད་ཡོད་འདུག་པ་དང་། ཡང་གྲོས་ཚོགས་འཐུས་མི་གཞན་ཞིག་གིས། ཊོམ་ཕུ་ལགས་ཀྱི་ཐག་གཅོད་དེའི་རྐྱེན་གྱིས་སི་རི་ཡའི་ནང་རྩོད་ཉོག་ཆེ་རུ་འགྲོ་སྲིད། ཅེས་བརྗོད་ཡོད་པ་རེད།

སི་རི་ཡའི་སྐོར་གྱི་ཆེད་མཁས་པ་ཇེ་ནི་ཧྥིར་ཁེ་ཧྥེ་རེ་ལ་(Jennifer Cafarella) ཡིས། སི་རི་ཡའི་ཤར་ཕྱོགས་ནས་ཨ་རིའི་དམག་མི་ཕྱིར་འཐེན་བྱ་རྒྱུ་དེས་སི་རི་ཡ་ནང་དབང་ཆ་འཐབ་རྩོད་ཀྱི་སྟོང་ཆ་ཞིག་ཆགས་པར་བརྟེན། རྒྱལ་སྤྱིའི་རྩོད་རྙོག་གསར་པ་ཞིག་བསྐྲུན་གྱི་རེད། ཅེས་བརྗོད་འདུག ཡིན་ན་ཡང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རེན་ཌི་པོལ་(Rand Paul) ལགས་ཀྱིས། ངའི་མི་ཚེའི་ནང་ཐེངས་དང་པོར་ང་ཚོར་རྒྱལ་ཁ་བསྒྲགས་ཏེ་རང་གི་དམག་མི་རྣམས་ཕྱིར་ཁྱིམ་དུ་འབོད་ཐུབ་མཁན་གྱི་སྲིད་འཛིན་ཞིག་བྱུང་བ་རེད། ཅེས་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་སྙིང་སྟོབས་ཆེན་པོས་ཐག་གཅོད་དེ་གནང་བར་བསྟོད་བསྔགས་བྱས་ཡོད་འདུག་ཀྱང་། ཐེངས་འདིའི་ཐག་གཅོད་ཀྱིས་ཊོམ་ཕུ་ལགས་ནས་ཡུན་རིང་ནས་སི་རི་ཡ་ནང་ཡོད་པའི་ཨ་རིའི་དམག་མི་རྣམས་ཕྱིར་རང་ཁྱིམ་དུ་ལོག་ཐུབ་པ་བཟོ་རྒྱུ་ཡིན་ཞེས་པའི་དམ་བཅའ་དེ་འགྲུབ་ཀྱི་ཡོད་ཀྱང་། ཨ་རིས་སི་རི་ཡ་ནང་ཁ་ཆེ་དྲག་སྤྱོད་པ་རྩ་གཏོར་མ་གཏོང་བར་དུ་དེར་གནས་རྒྱུ་ཡིན་པའི་སྲིད་བྱུས་དང་འགལ་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། སྤྱིར་བཏང་ད་ལྟའི་ཆར་སི་རི་ཡའི་ནང་ཨ་རིའི་དམག་མི་ ༢༠༠༠ ལྷག་ཡོད་འདུག་པ་དང་། ཁ་ཆེ་དྲག་སྤྱོད་པ་རྩ་གཏོར་གྱི་ལས་གཞིའི་ནང་ཨ་རིའི་དམིགས་ཡུལ་གཙོ་བོ་དེ་མཁའ་དབྱིངས་མེ་མདེལ་འཕངས་ཏེ་ཁ་ཆེ་དྲག་སྤྱོད་པའི་དམག་སྒར་དང་། འགྲུལ་འཁོར་སོགས་གཏོར་དགོས་པ་དེ་ཡིན་ལ། དེ་སྔོན་ཨ་རིའི་དམག་གིས་ཁ་ཆེ་དྲག་སྤྱོད་པའི་དམག་སྒར་དང་མཚོན་ཆའི་རྟེན་གཞི་སོགས་ལ་མཁའ་ཐོག་རྒོལ་རྡུང་ཐེངས་འགར་བཏང་ཡོད་པ་དང་། མཁའ་ཐོག་རྒོལ་རྡུང་ཁྲོད་ཉེས་མེད་མི་མང་བརྒྱ་ཕྲག་མང་པོས་ཚེ་སྲོག་ཤོར་ཡོད་པའི་ཉེས་འཛུགས་ཀྱང་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༢༠

Leave a Reply