སློབ་ཕྲུག་བརྒྱ་ཆ་ ༡༨ དང་དགེ་ལས་བརྒྱ་ཆ་ ༥༣ ལ་གློ་བའི་གཉན་ཚད་ཀྱི་ནད་འབུ་འདུག་ཟེར།

ཕྲུ་གུའི་གློ་ནད་རྩ་འཇོམས་ཀྱི་འབྲེལ་ཡོད་སྨན་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གློ་བའི་གཉན་ཚད་ཀྱི་ནད་འབུ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཚང་མས་མཉམ་རུབ་ཐོག་ཟས་བཅུད་དང་འཕྲོད་བསྟེན་ཐོག་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་གི་འདུགཕྱི་ལོ་ ༢༠༡༧ ནས་ ༢༠༡༨ བར་ཨ་རིའི་ཇོན་ཧོབ་སི་ཀེན་གཙུག་ལག་སློབ་གཉེར་ཁང་དང་བདེ་ལེགས་སྨན་ཁང་གཉིས་བཟུང་འབྲེལ་ཐོག ཕྲུ་གུའི་གློ་ནད་རྩ་འཇོམས་ཞེས་པའི་ལས་གཞིའི་འོག རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་ཏུ་ཆེད་སྐྱོད་ཀྱིས་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་རྣམས་ལ་གློ་བའི་གཉན་ཚད་བརྟག་དཔྱད་བྱས་པ་བརྒྱུད། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྲུབ་དོན་ཡོངས་བསྒྲགས་བྱས་ཡོད་པ་ལྟར། བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་བརྒྱ་ཆ་ ༡༨ དང་དགེ་ལས་བརྒྱ་ཆ་ ༥༣ ཙམ་ལ་གློ་བའི་གཉན་ཚད་(TB)ཀྱི་ནད་འབུ་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

འདི་གའི་གསར་འགོད་པས་ལས་གཞི་དེའི་ཁོངས་སུ་ཕྱག་ལས་གནང་མཁན་བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་སུ། ལས་གཞི་དེའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས། ཐོག་མའི་ཆར་ང་ཚོས་སློབ་མ་རྣམས་ལ་སྨན་ཁབ་ཅིག་བརྒྱབས་ནས་ཁོ་ཚོའི་གཟུགས་པོའི་ནང་གློ་བའི་གཉན་ཚད་ཀྱི་ནད་འབུ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད་པ་དང་། གལ་ཏེ་གློ་བའི་གཉན་ཚད་ཀྱི་ནད་འབུ་ཡོད་ན། ཁོ་ཚོར་སྨན་སྤྲད་དེ་མ་འོངས་པར་ནད་འབུ་དེའི་རྐྱེན་གྱིས་གློ་བའི་གཉན་ཚད་ཕོག་རྒྱུར་བཀག་འགོག་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་སྨན་དེ་བསྟེན་པའི་རྗེས་གློ་བའི་གཉན་ཚད་མི་ཕོག་པའི་ཁྱབ་པ་མེད། གློ་བའི་གཉན་ཚད་ཅན་གཞན་གྱི་ས་ནས་འགོས་སྲིད་པ་རེད། ཡང་གློ་བའི་གཉན་ཚད་ཀྱི་ནད་འབུ་ཡོད་པ་ཙམ་གྱིས་མ་འོངས་པར་གློ་བའི་གཉན་ཚད་ཕོག་པའི་ཁྱབ་པ་མེད། དེ་གཙོ་བོ་རང་གི་ཟས་བཅུད་དང་འཕྲོད་བསྟེན་ལ་རག་ལས་ཀྱི་ཡོད། སྤྱིའི་ཆ་ནས་སློབ་ཕྲུག་བརྒྱ་ཆ་ ༡༨ དང་དགེ་ལས་བརྒྱ་ཆ་ ༥༣ ཙམ་ལ་ནད་འབུ་ཡོད་པ་དེ་གྲངས་འབོར་མཐོ་བོ་ཡིན་ན་ཡང་། ང་ཚོས་ལས་གཞི་འདི་བརྒྱུད་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ནང་གློ་བའི་གཉན་ཚད་སྟངས་འཛིན་ཐུབ་ཐབས་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་བརྗོད་པ་ལྟར་ན། རྒྱ་གར་ནང་ལ་མཚོན་ན། ད་བར་མི་མང་ནང་ཆེད་སྐྱོད་ཀྱིས་གློ་བའི་གཉན་ཚད་ཀྱི་ནད་འབུ་འཇོམས་པའི་སྨན་བཅོས་བྱེད་པའི་ལས་གཞི་འདི་རིགས་སྤེལ་མྱོང་མེད་ཀྱང་། ད་ཐེངས་ཇོན་ཧོབ་སི་ཀེན་གཙུག་ལག་སློབ་གཉེར་ཁང་གིས་མ་དངུལ་མཐུན་སྦྱོར་གནང་སྟེ་བོད་པའི་སློབ་གྲྭ་དང་དགོན་སྡེ་ཁག་ནང་ལས་གཞི་དེ་སྤེལ་ཐུབ་ཡོད་པ་རེད། ཅེས་བརྗོད་བྱུང་།

ཟླ་འདིའི་ཚེས་ ༡༨ ལ་ཉིན་རེའི་ཚན་རིག་(Science Daily) ཅེས་པས་གློ་བའི་གཉན་ཚད་ཀྱི་ལས་གཞི་དེའི་སྐོར་ནས་རྩོམ་ཡིག་ཅིག་སྤེལ་བའི་ནང་། བདེ་ལེགས་སྨན་ཁང་དང་ཇོན་ཧོབ་སི་ཀེན་གཙུག་ལག་སློབ་གཉེར་ཁང་གིས་ཕྱི་ལོ་ ༢༠༡༡ ནས་ ༢༠༡༣ དང་། ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ བར་བཅས་དུས་རིམ་གཉིས་རིང་གློ་བའི་གཉན་ཚད་བརྟག་དཔྱད་བྱས་པའི་གྲུབ་དོན་ལྟར་ན། ད་ཐེངས་ཀྱི་གློ་བའི་གཉན་ཚད་ཀྱི་ནད་འབུ་ཡོད་པའི་སློབ་མའི་གྲངས་འབོར་དེ་གང་ཙམ་གྱིས་འཕར་ཡོད་པ་མ་ཟད། རྒྱ་གར་དང་རྒྱ་ནག དེ་བཞིན་རྒྱལ་སྤྱིའི་སྤྱི་ཡོངས་ཀྱི་གྲངས་ཐོའི་ཐད་ནས་བཤད་ན་ཡང་། ལྡབ་ལྔ་དང་བརྒྱད་ཀྱིས་མཐོ་བ་ཡོད་སྐོར་བརྗོད་འདུགསྨན་པ་བསོད་ནམས་སྟོབས་རྒྱལ་ལགས་སུ་དེ་ལྟར་འཕར་དོན་ཅི་ཡིན་དྲིས་པར་ཁོང་གིས། རྒྱུ་མཚན་གཙོ་བོ་དེ་སློབ་གྲྭའི་ངོས་ནས་གློ་བའི་གཉན་ཚད་སྟངས་འཛིན་ལེགས་པོ་བྱེད་མ་ཐུབ་པའི་རྐྱེན་གྱིས་ཡིན་པ་དང་། དེ་ཡང་རྩ་བའི་ཆ་ནས་གཏན་སློབ་ཁག་ནང་སློབ་མའི་འདུས་སྡོད་མང་བའི་རྐྱེན་གྱིས་གློ་བའི་གཉན་ཚད་ཕན་ཚུན་ལ་འགོས་སླ་བ་དང་། དེ་བཞིན་ཟས་བཅུད་བསྟེན་སྟངས་ཀྱི་ཆ་ནས་འགྲིག་གི་མེད་པ་རེད། སློབ་མ་རྣམས་ཀྱིས་བར་གསེང་སྐབས་རྔན་པ་སོགས་ཟས་རིགས་ཙག་ཙིག་བཟས་པའི་རྐྱེན་གྱིས་ཟས་བཅུད་ཡོད་པའི་ཉིན་གུང་ཁ་ལག་བཟའ་ཐུབ་ཀྱི་མེད་པ་རེད། ཅེས་དང་། བརྟག་དཔྱད་བྱས་ཏེ་གྲུབ་འབྲས་ཐོན་ཐེངས་རེར་འབྲེལ་ཡོད་སློབ་གྲྭའི་འཛིན་སྐྱོང་ལ་སློབ་མའི་ཟས་བཅུད་དང་འཕྲོད་བསྟེན་སོགས་ཀྱི་ཐད་ལ་བསམ་འཆར་འབུལ་གྱི་ཡོད་སྐོར་བརྗོད་བྱུང་།

སྤྱིར་ཕྲུ་གུའི་གློ་བའི་གཉན་ཚད་རྩ་འཇོམས་ཀྱི་ལས་གཞི་དེ་ཐོག་མའི་ཆར་རྒྱ་གར་བྱང་ཕྱོགས་ཁུལ་དུ་ཡོད་པའི་བོད་པའི་སློབ་མ་རྣམས་ལ་དམིགས་ཡོད་ཀྱང་། འདི་ལོར་ལས་གཞི་དེ་རྒྱ་བསྐྱེད་ནས་བོད་མི་འདུས་སྡོད་བྱེད་སའི་ས་གནས་ ༣༥ ནང་གི་སློབ་གྲྭ་ ༥ དང་། གྲྭ་ཚང་ ༡༥། བཙུན་དགོན་ ༡༧ ལྷག་ནང་སྤེལ་ཡོད་པ་དང་། མ་འོངས་པར་བཙན་བྱོལ་སྤྱི་ཚོགས་ཡོངས་དང་། རྒྱ་གར་རྒྱལ་ཡོངས་ནང་སྤེལ་རྒྱུའི་འཆར་གཞི་ཡོད་འདུག

མཇུག་ཏུ་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་སྔར་དང་བསྡུར་ན་དཔལ་འབྱོར་དང་། ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་ཐད་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། ད་ལྟའང་བོད་པའི་ནང་ལོ་རེར་མི་གྲངས་ ༤༠༠ ལྷག་ལ་གློ་བའི་གཉན་ཚད་དང་། བརྒྱ་ཆ་ ༩ ནས་ ༡༠ བར་ལ་མཆིན་པའི་གཉན་ཚད། དེ་བཞིན་ཕོ་བའི་སྐྲན་ནད་དང་། གཅིན་སྙི། ཁྲག་ཤེད་སོགས་ཀྱི་ནད་གཞི་མང་པོ་ཕོག་གི་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་བོད་མི་རྣམས་ཀྱིས་འཕྲོད་བསྟེན་ཐོག་དོ་སྣང་སྔར་ལྷག་བྱེད་དགོས་པ་དང་། ཚོགས་སྡེ་ཁག་གིས་ཀྱང་རང་ཁོངས་ཀྱི་མི་མང་རྣམས་ལ་ནད་གཞི་སྔོན་འགོག་དང་གོ་རྟོགས་སྤེལ་དགོས་པ་གལ་ཆེན་པོ་རེད། ང་ཚོ་སྨན་ཁང་གཅིག་གིས་ཚང་མ་བྱེད་ཐུབ་ཐབས་མེད་སྟབས། ཚང་མས་མཉམ་རུབ་ཀྱི་ཐོག་ནས་བོད་མིའི་འཕྲོད་བསྟེན་ཐོག་ལ་སྐུ་ངལ་བསྐྱོན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༢༠

Leave a Reply

One thought on “སློབ་ཕྲུག་བརྒྱ་ཆ་ ༡༨ དང་དགེ་ལས་བརྒྱ་ཆ་ ༥༣ ལ་གློ་བའི་གཉན་ཚད་ཀྱི་ནད་འབུ་འདུག་ཟེར།

  1. སྟག་ཚང་རིག་རྒོད།

    ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་འདི་གོ་བ་དང་། ད་འགྲིག་མི་འདུག་སྙམ་པ་བྱུང་། འོན་ཀྱང་རིམ་པས་སློབ་གྲྭ་ཁག་གི་དགེ་ལས་ཡོངས་ནས་སློབ་མའི་བདེ་ཐང་ལ་དགོངས་པ་ཆེ་བཞེས་གནང་རྒྱུའི་རེ་བ་ཡོད། འདི་ནི་མི་རེ་གཉིས་དང་ཁྱིམ་ཚང་རེ་གཉིས་ཀྱི་གནད་དོན་མ་ཡིན་པར། བོད་གངས་ཅན་པའི་ལས་དབང་དང་འབྲེལ་བ་ཡོད་པ་ཞིག་རེད།