ཝང་ཡས་རྒྱ་གར་ནང་བསླེབས་པར་ངོ་རྒོལ་བྱས།

རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གྲོས་མོལ་ཆེད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་རྒྱ་གར་ལ་བསླེབས་ཡོད་པ་དང་བསྟུན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་སྐད་འབོད་གནང་འདུག
དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༢ ཙམ་གྱི་སྟེང་། རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡས་ (Wang Yi)རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་དང་། ཉིན་གྲངས་ ༤ རིང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གཙོའི་མཐོ་རིམ་མགོ་འཁྲིད་ཁག་ཅིག་ལ་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་གྲོས་མོལ་གནང་གི་ཡོད་པ་དང་བསྟུན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་བོད་མི་ ༢༠ ལྷག་གིས་ཝང་ཡས་འགྲོ་སྐྱོད་བྱེད་སའི་ཟམ་ཆེན་ཐོག་འཕྲེད་དར་འཕྱར་ཏེ་ངོ་རྒོལ་དང་། རྒྱ་ནག་གཞུང་ལ་དོན་ཚན་གསུམ་ཅན་གྱི་བརྡ་ལན་ཞིག་སྤྲད་འདུག

འདི་གའི་གསར་འགོད་པས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་ཆོས་སྒྲོན་ལགས་སུ་ངོ་རྒོལ་ལས་འགུལ་དེའི་སྐོར་དྲིས་པར། ང་ཚོས་ལས་འགུལ་དེ་གནམ་ཐང་ཉེ་འགྲམ་གྱི་ཟམ་ཆེན་སྟེང་སྤེལ་བ་ཡིན་ལ། ཟམ་ཆེན་དེའི་སྟེང་སྤེལ་དགོས་དོན་ནི་རྒྱ་ནག་གི་མགོི་འཁྲིད་ཡོང་ས་རང་ལ་འཁེལ་ཡོད་པ་རེད། ཐེངས་འདིའི་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་སློབ་ཕྲུག་དང་བླངས་བ་མི་གྲངས་ ༢༠ ལྷག་ཙམ་ཡོད། ཅེས་བརྗོད་བྱུང་།

ཡང་མོས། ཐེངས་འདིའི་ལས་འགུལ་སྐབས་རྒྱ་ནག་གཞུང་ལ་བརྡ་ལན་གསུམ་གཙོ་བོར་བཟུང་ནས་སྤེལ་ཡོད་པ་དང་། བརྡ་ལན་དེ་དག་ནི་རྒྱ་ནག་གིས་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དང་རང་བྱུང་གཙང་བོ་ཁག་ལ་གཏོར་བཤིག་བྱེད་མཚམས་འཇོག་དགོས་པ། དེ་བཞིན་བོད་ནང་རང་ལུས་མེར་བསྲེགས་ཤུགས་ཆེར་གཏོང་དགོས་དོན་དེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ཀྱི་རྐྱེན་གྱིས་ཡིན་པ་དང་། ལྷག་པར་དུ་ཝང་ཡས་ལ་མཚོན་ན་དེ་དང་འབྲེལ་བ་ཤུགས་ཆེན་ཡོད་པ་སོགས་བརྗོད་ཡོད་ཅེས་ཟེར།

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ད་ལན་གཙོ་བོ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སུ་ཤི་མ་སི་ཝ་ར་ཇི་(Sushma Swaraj)ལགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་རིག་གནས་བརྗེ་རེས་དང་མི་མང་བར་མཉམ་འབྲེལ་བྱེད་ཐབས་སོགས་གནད་དོན་བཞིའི་ཐད་གྲོས་མོལ་གནང་གི་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་སྲིད་འཛིན་རམ་ན་ཐི་ཀོ་ཝིན་ཌི་(Ram Nath Kovind)ལགས་ལ་ཐུག་འའཕྲད་དང་། རྒྱ་གར་གྱི་གྲོང་ཁྱེར་མཱམ་བྷེ་(Mumbai)དང་ཨོ་རེན་གྷ་བྷ་དྷི(Aurangabad)སོགས་ཀྱི་ནང་ལྟ་སྐོར་དུ་སྐྱོད་འཆར་ཡོད་འདུག

གནད་དོན་དེའི་ཐད་རྒྱ་གར་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་སྐུ་ཞབས་ར་བེ་ཤི་ཀུ་མར་(Raveesh Kumar)ལགས་ཀྱིས། ཐེངས་འདིར་སྲིད་བློན་གཉིས་ཀྱིས་གྲོས་མོལ་གཙོ་བོ་ནི། དེ་སྔོན་རྒྱ་དཀར་ནག་གི་སྲིད་འཛིན་གཉིས་ཨར་ཇིན་ཊི་ནཱ་(Argentina)ཡི་ཝུའུ་ཧན་(Wuhan)ཚོགས་འདུའི་སྐབས་གྲོས་མོལ་བྱུང་བ་ཁག་དང་། དེ་བཞིན་ཕྱོགས་གཉིས་ཀྱི་གཞི་རྩའི་འདོད་མོས་ཁག་གཞིར་བཟུང་ནས་གྲོས་མོལ་བྱེད་ཀྱི་ཡོད་སོགས་བརྗོད་འདུག

འདས་ལོར་རྒྱ་དཀར་ནག་གཉིས་ཀྱི་བར་འབྲོག་ལམ་ཁུལ་དུ་དམག་དཔུང་གདོང་ཐུག་གིས་ཡུན་རིང་ལ་འགལ་ཟླ་བྱུང་ཡོད་ན་ཡང་། ད་ལོའི་ཝུའུ་ཧན་ཚོགས་འདུའི་སྐབས་ཕྱོགས་གཉིས་ཀྱི་སྲིད་འཛིན་གཉིས་ཚོགས་འདུའི་ཟུར་དུ་ཐུག་འཕྲད་ཀྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ལམ་ཡར་རྒྱས་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་པ་ནས་བཟུང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཅུང་ཙམ་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་འཁྲིད་བར་ཐེངས་ཁ་ཤས་ལ་ཐུག་འཕྲད་དང་གྲོས་མོལ་བྱས་ཡོད་པ་མ་ཟད། ཟླ་འདིའི་ནང་རྒྱ་དཀར་ནག་གཉིས་མཉམ་འབྲེལ་ཐོག་དམག་སྦྱོང་ཞིག་ཀྱང་བྱས་ཡོད་འདུག

གསར་འགོད། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༢༡

Leave a Reply