ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཡིས་རྩ་དགོངས་ཞུས།

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཇེམ་མེ་ཐི་སི་ཡིས་ཕྱི་ལོ་ ༢༠༡༩ ཟླ་ ༢ པའི་ནང་ལས་མཚམས་འཇོག་འཆར་ཡོད་པས་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་རྒྱལ་སྲུང་དྲུང་ཆེ་གསར་པ་ཞིག་བསྐོ་བཞག་གནང་རྒྱུ་ཡིན་སྐོར་གསུངས་འདུག
དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཇེམ་མེ་ཐི་སི་(Jim Mattis)ལགས་ཀྱིས་རྩ་དགོངས་ཞུ་ཡིག་ཕུལ་ཡོད་པ་དང་། སྲིད་འཛིན་ཊོམ་ཕུ་ལགས་ནས་མེ་ཐི་སི་ལགས་ཀྱིས་ཁོང་ལ་རྒྱལ་སྲུང་ཐད་ཕྱག་རོགས་ཆེན་པོ་ཞུས་ཡོད་སྐོར་གསུངས་ཡོད་པ་དང་འབྲེལ། གང་མགྱོགས་རྒྱལ་སྲུང་དྲུང་ཆེ་གསར་པ་ཞིག་བསྐོ་བཞག་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

སྐུ་ཞབས་ཇེམ་མི་ཐི་སི་ཡི་རྩ་དགོངས་ཞུ་ཡིག་ནང་དུ། སྲིད་འཛིན་ཁྱེད་ལ་གནད་དོན་འདི་དང་གཞན་གྱི་ཐོག་ལ་རང་གི་དགོངས་ཚུལ་དང་མཐུན་པའི་རྒྱལ་སྲུང་དྲུང་ཆེ་ཞིག་བསྐོ་བཞག་གནང་རྒྱུའི་ཐོབ་ཐང་ཡོད་པས། ངས་རྒྱལ་སྲུང་དྲུང་ཆེའི་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་འོས་འཚམ་རེད་བསམ་གྱི་འདུག ཅེས་དང་། ཨ་རི་ནི་རང་དབང་ལྡན་པའི་འཛམ་གླིང་ནང་མེད་དུ་མི་རུང་བའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ང་ཚོས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་ལམ་དང་བརྩི་མཐོང་རྒྱུན་འཛིན་མ་བྱས་ཚེ། རང་ཉིད་ཀྱི་མངོན་འདོད་དང་གནས་བབ་དེ་སྲུང་སྐྱོབ་བྱེད་ཐབས་མེད། ཅེས་བརྗོད་འདུག

སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་སྒེར་གྱི་ཊི་ཊིར་སྤྱི་ཚོགས་དྲ་ལམ་ཐོག་གནད་དོན་དེའི་ཐད་སྤེལ་བའི་ནང་། ཇེམ་མེ་ཐི་སི་ཡིས་ང་ལ་མཐུན་གྲོགས་རྒྱལ་ཁབ་འཚོལ་ཐབས་དང་། རྒྱལ་ཁབ་གཞན་གྱིས་སྤྱི་པའི་དམག་དོན་ཆེད་དུ་ནུས་པ་སྤུང་རྒྱུར་རོགས་འདེགས་ཆེན་པོ་བྱས་ཡོད། ཅེས་དང་། ད་ལན་མེ་ཐི་སི་ལགས་ཀྱིས་རྒས་ཡོལ་ཞུས་ཡོད་འདུག ཅེས་བརྗོད་འདུག

ཇེམ་མེ་ཐི་སི་ཡིས་རྩ་དགོངས་ཞུས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་རྗེས། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ལིན་ཌེ་སེ་གྷ་ར་ཧམ་(Lindsay Graham) ལགས་ཀྱིས། དམག་དཔོན་མེ་ཐི་སི་ཡིས་སྲིད་འཛིན་ཊོམ་ཕུ་ལགས་དང་ང་ཚོའི་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབས་པ་དེར་དགའ་སྤོབས་སྐྱེས་ཆོག་པ་ཞིག་ཡིན་ཞེས་བརྗོད་འདུག་པ་དང་། ཡང་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་མག་ཝར་ནར་(Mark Warner) ལགས་ཀྱིས་སྐུ་ཞབས་ཇེམ་མེ་ཐི་སི་ནི་ཊོམ་ཕུ་འཛིན་སྐྱོང་གི་ཟིང་འཁྲུག་ཁྲོད་བརྟན་བརླིང་བཟོ་མཁན་དེ་ཡིན་ཚུལ་བརྗོད་ཡོད་པ་རེད།

བྷི་བྷི་སི་གསར་ཁང་གི་དབྱེ་ཞིབ་པ་ཨེན་ཐོ་ནི་ཛུར་ཁར་(Anthony Zurcher)ཞེས་པ་ཞིག་གིས། སྐུ་ཞབས་མེ་ཐི་སི་ཡིས་རྩ་དགོངས་ཡི་གེ་དེ་ནི་སྲིད་འཛིན་ཊོམ་ཕུའི་འཛིན་སྐྱོང་ལ་ངོ་རྒོལ་བྱས་པའི་རྣམ་པ་ཞིག་ཡིན་ཚུལ་དང་། ཊོམ་ཕུ་ལགས་ཀྱིས་སི་རི་ཡའི་ནང་གི་ཨ་རིའི་དམག་མི་རྣམས་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སྟེ་ཉིན་གཅིག་རྗེས། མེ་ཐི་སི་ཡིས་རྒྱལ་སྲུང་དྲུང་ཆེའི་ལས་གནས་ནས་རྩ་དགོངས་ཞུས་པ་དེས་ཁོང་གཉིས་བར་གྱི་འགལ་ཟླའི་རང་བཞིན་དེ་མངོན་ཡོད་ལུགས་སོགས་བརྗོད་འདུག་པ་དང་། ཡང་དབྱེ་ཞིབ་པ་མང་པོས་ཊོམ་ཕུ་ལགས་དང་མེ་ཐི་སི་བར་ལ་དཀྱིལ་ཤར་ཡུལ་གྲུ་ནས་ཨ་རིའི་དམག་མི་ཕྱིར་འཐེན་བྱེད་རྒྱུ་དང་། མཐུན་གྲོགས་རྒྱལ་ཁབ་སོགས་ཀྱི་གནད་དོན་སྐོར་ལ་བསམ་ཚུལ་དང་ལྟ་ཕྱོགས་མི་གཅིག་པ་ཡོད་པར་བརྟེན། དུས་རྒྱུན་དུ་པེན་ཊེ་གྷོན་(Pentagon) རྒྱལ་སྲུང་ལྷན་ཁང་ནང་རྩོད་རྙོག་མི་ཉུང་བ་ཞིག་འབྱུང་གི་ཡོད་རྐྱེན་ཁོང་གིས་རྩ་དགོངས་ཞུས་པ་ལས་རྒས་ཡོལ་དུ་ཕེབས་པ་མིན་སྐོར་བརྗོད་ཀྱི་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་པེན་ཊེ་གྷོན་གྱི་བསམ་ཚུལ་ལ་ལྟོས་མེད་ཀྱིས་སི་རི་ཡའི་ནང་གི་ཨ་རིའི་དམག་མི་ཚང་མ་ཕྱིར་འཐེན་གསལ་བསྒྲགས་གནང་བ་དང་བསྟུན། དེ་རིང་ཡང་ཨབ་གྷ་ནི་སི་ཐན་དུ་ཡོད་པའི་ཨ་རིའི་དམག་མི་ ༧༠༠༠ ལྷག་ཕྱིར་འཐེན་གནང་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། གནས་ཚུལ་དེ་ཡང་མེ་ཐི་སི་དང་ཊོམ་ཕུ་ལགས་བར་གྱི་རྩོད་གཞི་ཆེན་པོ་ཞིག་ཡིན་སྐོར་བརྗོད་ཀྱི་འདུག

དགུང་ལོ་ ༦༨ ཡིན་པའི་སྐུ་ཞབས་མེ་ཐེ་སི་ལགས་ཀྱིས་ཨ་རིའི་དམག་དོན་ཚན་པའི་ནང་ལོ་ངོ་ ༤༤ རིང་སྲི་ཞུ་བསྒྲུབས་ཡོད་པ་དང་། ཨི་རག་(Iraq)དང་ཨབ་གྷན་གྱི་དམག་འཁྲུག་ནང་ཤུགས་རྐྱེན་ཆེན་པོ་སྦྱིན་མཁན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། ཎེ་ཊོ་མནའ་འབྲེལ་ཚོགས་པའི་(NATO)དམག་སྤྱི་ཡང་བྱས་མྱོང་ཡོད་འདུག མི་མང་པོས་ཁོང་ནི་ལྟ་བ་མཁྲེགས་བཟུང་ཅན་དང་། སོ་སོའི་འདོད་ཐོག་ལ་ཤར་སྐྱོད་བྱེད་མཁན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡ ནང་ཊོམ་ཕུ་ལགས་ཀྱིས་ཨ་རིའི་རྒྱལ་སྲུང་དྲུང་ཆེར་བསྐོ་བཞག་གནང་སྐབས། ཁོང་ལ་ཁྱི་སྨྱོན་མེ་ཐི་སི་ཞེས་པའི་མིང་འདོགས་བྱས་ཏེ་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཀྱང་། འདས་པའི་ལོ་གཉིས་ཙམ་རིང་ལ་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཀྱི་འབྲེལ་ལམ་དང་སྟོབས་ཤུགས་གོང་འཕེལ་ཐད་འབད་བརྩོན་ཆེན་པོ་བྱས་ཡོད་སྟབས། ཊོམ་ཕུ་འཛིན་སྐྱོང་གི་རྙོང་ཟིང་ཁྲོད་ཁོང་ལ་བཟང་ཕྱོགས་ཀྱི་ངོས་འཛིན་དང་བསྟོད་བསྔགས་ཐོབ་ཡོད་འདུག

ཨལ་ཇེ་ཛི་ར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཊོམ་ཕུ་ལགས་ཀྱི་སྲིད་འཛིན་གྱི་དུས་ཡུན་ལོ་གཉིས་རིང་ཇེམ་མེ་ཐི་སི་ཚུད་པའི་ཨ་རིའི་ཆེས་མཐོའི་དཔོན་རིགས་ ༣༥ ཡིས་རྩ་དགོངས་སམ་ཕྱིར་འཕུད། རྒྱུན་ལྡན་མིན་པའི་གནས་སྤོས་བཅས་བཏང་ཡོད་འདུག སྐུ་ཞབས་མེ་ཐི་སི་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༢ པའི་ནང་དངོས་སུ་རྒྱལ་སྲུང་དྲུང་ཆེའི་ལས་མཚམས་འཇོག་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༢༡

Leave a Reply