རྡོ་རྗེ་གདན་དུ་རྒྱལ་སྤྱིའི་སྡེ་སྣོད་གསུམ་གྱི་བགྲོ་གླེང་དབུ་འཛུགས་གནང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོས་སངས་རྒྱས་བསྟན་པ་ཟེར་དུས་འདུལ་བ་འཛིན་པ་ནི་ཧ་ཅང་གལ་ཆེན་པོ་དང་རྨང་གཞི་ཆགས་ཡོད་པ་རེད། ཅེས་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་གནས་མཆོག་རྡོ་རྗེ་གདན་གྱི་ཐའེ་ལན་ཌིའི་ཝ་ཌི་པཱ་དགོན་ (Watpa Buddhagaya) དུ། ཝ་ཌི་པཱ་དགོན་དང་ཏཱ་ལའི་བླ་མའི་དགེ་རྩ། ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་བཅས་ཀྱི་གོ་སྒྲིག་འོག  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་སྡེ་སྣོད་གསུམ་གྱི་ཉིན་གྲངས་གཉིས་རིང་གི་བགྲོ་གླེང་དབུ་འཛུགས་གནང་སོང་བ་དང་། ནང་པའི་རྒྱལ་ཁབ་འགའི་མཁས་དབང་དང་སློབ་གཉེར་བ་གྲངས་ ༦༥ ཙམ་མཉམ་ཞུགས་གནང་འདུག

བགྲོ་གླེང་དབུ་འཛུགས་ཀྱི་མཛད་སྒོའི་ཐོག ཐའེ་ལན་ཌི་ནང་བསྟན་མཐུན་ཚོགས་ཀྱི་གནད་ཡོད་མི་སྣ་(Phrspromwachirayan Prasit Suddhibandhu)ལགས་ཀྱིས་ཐའེ་ལན་ཌའི་ཆེས་མཐོའི་ཆོས་དཔོན་མཆོག་གི་ཚབ་ཞུས་ཏེ་གསུང་འཕྲིན་ཞིག་སྒྲོག་སྦྱང་གནང་པའི་ནང་། ཐེངས་འདིའི་བགྲོ་གླེང་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་ལ། གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་བགྲོ་གླེང་འདི་ཚོགས་ཐུབ་བྱུང་བ་དང་། སྡེ་སྣོད་གསུམ་ནི་བཅོམ་ལྡན་འདས་ཀྱི་བཀའ་བསྡུས་ཡིན་པས་ཧ་ཅང་གལ་གནད་ཆེ་བ། དེ་བཞིན་ཆོས་ནི་སྨན་མཆོག་ཅིག་ཡིན་པས་ཞེ་སྡང་དང་ཕྲག་དོག་སོགས་ལས་བྱུང་བའི་ན་ཚ་ནི་ཆོས་ལུགས་ཀྱིས་སེལ་དགོས་པ་དང་། ནང་བསྟན་གྱིས་ཀྱང་ཕན་ཐོགས་རྒྱ་ཆེན་ཡོང་གི་ཡོད་སྟབས། མུ་མཐུད་ནང་བསྟན་ཆོས་བརྒྱུད་ཁག་གཞི་གཅིག་ཏུ་འཛོམས་ནས་མིའི་རིགས་ལ་སྔར་ལས་ཞབས་འདེགས་ཞུ་གལ་ཆེ་སྐོར་སོགས་གསུངས་འདུག

དེའི་རྗེས་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས། དེང་སྐབས་འཛམ་གླིང་གི་མཁས་པ་མང་པོས་ནང་བསྟན་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཚན་རིག་པ་དང་སྤྱི་ཚོགས་དབྱེ་ཞིབ་པ་སོགས་ཀྱིས་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་བསྟུན། ནང་བསྟན་ཆོས་བརྒྱུད་ཁག་གཞི་གཅིག་ལ་འཛོམས་དགོས་པ་དང་། ཝ་ན་གཙུག་ལག་སློབ་གཉེར་ཁང་གིས་དེ་སྔོན་ཨེ་ཤ་ཡའི་རྒྱལ་ཁབ་ ༢༥ ཙམ་གྱི་མཁས་པ་གདན་འདྲེན་གྱིས་ནང་པའི་ཚོགས་ཆེན་ཞིག་སློབ་གཉེར་ཁང་དེར་བསྡུས་ཡོད་པ་དང་། དེ་ལ་བསྔགས་བརྗོད་ཀྱང་ཐོབ་བྱུང་། ང་ཚོས་མུ་མཐུད་ཕན་ཚུན་བར་ཐག་ཉེ་རུ་བཏང་སྟེ་འདུལ་ཁྲིམས་སོགས་ཀྱི་ཐོག་ཕན་ཚུན་རྒྱུས་ལོན་བྱས་ཏེ། རང་ཉིད་ཀྱི་ནང་པའི་སྤྱི་ཚོགས་ལ་ཞི་བདེ་སྐྲུན་པ་དང་ཁྱད་པར་དུ་འགྲོ་བ་ཡོངས་ལ་ཕན་བདེ་སྟེར་བར་བྱེད་དགོས་རེད། ཅེས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནང་བསྟན་གྱི་རྩ་བ་འདུལ་བ་ཡིན་སྐོར་བཀའ་བསྩལ་སྐབས། བཅོམ་ལྡན་འདས་མྱ་ངན་ལས་འདས་རྗེས་ཕྱག་ལེན་ཕྲན་བུ་མ་འདྲ་བ་བྱུང་ནས་སྡེ་བ་བཅོ་བརྒྱད་དུ་གྱུར་ཡོད་པ་རེད། འོན་ཀྱང་རྩ་བའི་སྡེ་བ་བཞི་རེད། ང་ཚོ་བོད་བརྒྱུད་ནང་བསྟན་ནི་གཞི་ཐམས་ཐད་ཡོད་པར་སྨྲ་བའི་སྡེ་བ་རེད། གང་ལྟར་ཡང་སྙིང་སྟོན་པ་བཅོམ་ལྡན་འདས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་འཁོར་ལྔ་སྡེ་བཟང་པོར་རབ་བྱུང་གི་དུག་ལོག་གོན་པ་དེའི་སྐོར་ལ་གསུངས་ཡོད་པ་ནི། འདུལ་བའི་འགྲོ་སྟངས་དང་པོར་གསུངས་པ་རེད། བཅོམ་ལྡན་འདས་མྱ་ངན་ལས་འདའ་སྐབས་ཀྱང་མ་འོངས་པར་ངའི་ཚབ་དེ་སོ་སོ་ཐར་པའི་མདོ་དེ་ངའི་ཚབ་ཡིན་གསུངས་འདུག དེ་བས་སངས་རྒྱས་ཀྱི་བསྟན་པའི་གཙོ་བོ་དེ་འདུལ་བ་འཛིན་པའི་ཞབས་འཛིན་རྒྱུ་དེ་ཡིན་པ་གསུངས་ཡོད་པ་རེད། སངས་རྒྱས་ཀྱི་བསྟན་པ་གནས་དང་མ་གནས་ཀྱི་གཞི་རྩ་གཙོ་བོ་དེ་འདུལ་བ་འཛིན་པ་ཆགས་ཡོད་པ་དང་འདུལ་བ་འཛིན་པའི་རྨང་གཞི་དེ་ཡག་པོ་ཞིག་མེད་ན་གནམ་ལ་འཕུར་བའམ་ས་ལ་འཛུལ་བ་སོགས་ཞེ་པོ་ཡོད་ནའང་། བསྟན་པ་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས་དེས་འདང་གི་ཡོད་པ་མ་རེད། ངོས་ཀྱིས་ནམ་རྒྱུན་ཞུ་སྡོད་ཀྱི་ཡོད། བསྟན་པ་སྤྱི་མཚན་དང་གང་ཟག་དགོས་མཚན་ཟེར་གྱི་ཡོད་དེ་ལས། གསང་སྔགས་ཀྱི་ཆོས་དེ་གང་ཟག་དགོས་མཚན་རེད་འདུག དེ་བཅོམ་ལྡན་འདས་ཀྱིས་གང་ཟག་སོ་སོའི་ཁམས་དང་མོས་པ་ལ་བརྟེན་གསུངས་འདུག བདེན་བཞི་ཆོས་འཁོར་ནས་བཟུང་ཆོས་འཁོར་དེ་ཚོ་ཡོངས་གྲགས་སུ་གསུངས་ཡོད་པ་རེད་མ་གཏོགས་གང་ཟག་དགོས་དབང་དུ་གསུངས་མི་འདུག ཅེས་སོགས་གསུངས་བྱུང་།

ཡང་ཁོང་གིས། ལོ་ཤས་གོང་ནས་ཐའེ་ལན་ཌིའི་གྲྭ་པ་དང་དྷ་རམ་ས་ལའི་བོད་ཀྱི་གྲྭ་པ་དེ་ཚོ་རིག་གནས་བརྗེ་ལེན་ཆེད་ཕར་འགྲོ་ཚུར་འོང་བྱེད་མགོ་བཙུགས་ཡོད་པ་རེད། དེ་ནི་ཧ་ཅང་གིས་གལ་གནད་ཆེན་པོ་རེད། ཁྱེད་རང་ཚོ་པ་ལིའི་གཞུང་གཙོ་འདོན་གནང་མཁན་འཕགས་པ་གནས་བསྟན་པའི་སྡེ་ཡིན་པ་དང་། དེ་ནི་ནང་བསྟན་གྱི་རྨང་གཞི་རེད། ང་ཚོ་བོད་བརྒྱུད་ནང་བསྟན་ནི་རེ་འགས་ཐག་པ་ཆེན་པོ་དང་ཐེག་པའི་བརྒྱུད། བླ་མའི་ཆོས་ཟེར་གྱི་ཡོད་པ་རེད། དེ་ནི་རྩ་བ་ཉིད་ནས་ནོར་བ་རེད། ངོས་ཀྱིས་བསམ་པར་མི་མང་པོ་ཞིག་གིས་སློབ་སྦྱོང་བྱེད་པར་དེ་ཙམ་དོ་སྣང་མི་བྱེད་པར་གང་ཟག་བྱེ་བྲག་བླ་མ་ཅིག་ལ་རྗེས་འབྲང་བྱེད་ཀྱི་འདུག བླ་མ་ཅིག་གི་རྒུན་ཆང་འཐུང་ཏེ་རིག་མ་བཞེས་ནས་ཡོད་ཚེ་བླ་མ་ཆེན་པོར་ངོས་འཛིན་བྱེད་པ་སོགས་ཡོད་པ་རེད། སྤྱིར་བོད་བརྒྱུད་ནང་བསྟན་དངོས་ནི་ན་ལེནྡྲའི་ཆོས་བརྒྱུད་རེད། མགོན་པོ་ཀླུ་སྒྲུབ་སོགས་ཚང་མ་ན་ལེནྡྲའི་སློབ་མ་ཡིན་པ་དང་། ན་རོ་པ་སོགས་ཀྱང་ན་ལེནྡྲའི་ནང་སློབ་སྦྱོང་བྱས་པའི་སློབ་མ་རེད། རིམ་གྱིས་ཉམས་མྱོང་ཕུན་སུམ་ཚོགས་པ་བྱུང་པ་ལ་བརྟེན། ནགས་ཁྲོད་སོགས་དབེན་གནས་སུ་ཕེབས་ནས་རང་ཉིད་ལ་རང་དབང་ཅུང་སྤྲད་དེ་མི་ཚེ་བསྐྱལ་བ་རེད། དེ་ནི་མི་སྒེར་བའི་གནད་དོན་ཞིག་རེད། ང་ཚོས་སངས་རྒྱས་བསྟན་པ་ཟེར་དུས་འདུལ་བ་འཛིན་པ་ནི་ཧ་ཅང་གལ་ཆེན་པོ་དང་རྨང་གཞི་ཆགས་ཡོད་པ་རེད། ཅེས་སོགས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་ཀླུ་མགོན་ཐར་གྱིས་སྤེལ།

བསྐྱར་བཅོས།: ༢༠༡༨/༡༢/༢༢

Leave a Reply