བསྟན་འཛིན་ཡོན་ཏན་ལ་བོད་ཀྱི་མཛངས་མའི་དབུ་རྒྱན་གཡོཊ།

ཕྱི་ལོ་ ༢༠༡༨ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ཁྲོད་ཨ་རིར་གནས་སྡོད་བོད་ཀྱི་བུ་མོ་བསྟན་འཛིན་ཡོན་ཏན་ལགས་ལས་ཞུགས་ཐུབ་མི་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན། ཕྱི་ལོ་ ༢༠༡༨ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་གཡོག་པའི་མཛད་སྒོ་དེ་ཨ་རིའི་ཉེའུ་ཡོག་གྲོང་ཁྱེར་དུ་འཚོགས་ཡོད་པ་དང་། འདི་ལོར་བོད་ཀྱི་མཛངས་མའི་འགྲན་སྡུར་ཁྲོད་ཨ་རི་ནས་ཡིན་པའི་བོད་ཀྱི་བུ་མོ་བསྟན་འཛིན་ཡོན་ཏན་ལགས་གཅིག་པུ་ལས་ཞུགས་ཐུབ་མེད་སྟབས། མོ་ལ་ཕྱི་ལོ་ ༢༠༡༨ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་གཡོགས་ཡོད་པ་རེད།

མཛངས་མའི་དབུ་རྒྱན་གཡོག་སྐབས་བསྟན་འཛིན་ཡོན་ཏན་ལགས་ཀྱིས་ཐེངས་འདིར་མཛངས་མའི་འགྲན་སྡུར་ནང་ཞུགས་མཁན་མོ་རང་ལས་མེད་ན་ཡང་། རང་ཉིད་ལས་རྣམ་པར་རྒྱལ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། བོད་ཀྱི་མཛངས་མའི་དབུ་རྒྱན་མོ་ལ་ཐོབ་པ་དེས་མ་འོངས་པར་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་བོད་སྐད་ལ་དོ་སྣང་དང་བདག་གཅེས་བྱ་རྒྱུ་ཡིན་ལ། རྒྱལ་ཁབ་ཅིག་ཉམས་རྒུད་ལས་སྐྱོབ་དགོས་ན་ཐོག་མར་སྐད་དང་ཡི་གེ་སྐྱོབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་འདུག

ཐེངས་འདིའི་མཛངས་མའི་འགྲན་སྡུར་ཁྲོད་བསྟན་འཛིན་ཡོན་ཏན་ལགས་གཅིག་པུ་ལས་ཞུགས་མ་ཐུབ་པའི་སྐོར་ལ་མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་དང་བསོད་ནམས་དབང་འདུས་ལགས་གཉིས་ཀྱིས་དྲ་ལམ་བརྒྱུད་གསལ་བཤད་བྱས་པ་ལྟར་ན། ཐོག་མར་འགྲན་སྡུར་ལ་སྙན་ཞུ་སྤྲོད་མཁན་རྒྱ་གར་ནས་ ༩ དང་ཨ་རི་ནས་༤ བཅས་བུ་མོ་༡༣ བྱུང་ཡོད་ནའང་། རྗེས་སུ་རྒྱ་གར་ནས་མཉམ་ཞུགས་བྱེད་མཁན་ཚོར་ཨ་རིའི་གཞུང་ནས་ཐོངས་མཆན་མ་སྤྲད་པ་དང་། ཨ་རི་ནས་སྙན་ཞུ་འབྱོར་མཁན་ ༣ ཡོད་པ་ལས་སོ་སོའི་ལས་དོན་སོགས་ཀྱིས་ཕྱིར་འཐེན་བྱ་དགོས་བྱུང་བས་མཐའ་མ་དེར་བསྟན་འཛིན་ཡོན་ཏན་ལགས་མ་གཏོགས་མེད་སྐོར་བརྗོད་འདུག

ཡང་མཛངས་མའི་དབུ་རྒྱན་གཡོགས་པའི་མཛད་སྒོའི་སྟེང་། ད་ལོའི་འགྲན་སྡུར་ཁྲོད་བསྟན་འཛིན་ཡོན་ཏན་ལགས་གཅིག་པུ་ལས་མེད་ན་ཡང་ཁོ་མོར་ཤེས་འཇོན་མཛངས་གསུམ་གང་ཐད་ནས་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་ཆོག་ཆོག་ཡིན་པ་དང་། དེ་བཞིན་མ་འོངས་པར་བོད་ཀྱི་བུད་མེད་གཞོན་སྐྱེས་ཚོ་གང་ཐུབ་ཐུབ་ཞུགས་པའི་རེ་བ་ཡོད་ལ། བོད་ཀྱི་མཛངས་མའི་གར་སྟེགས་སྟེང་ནས་མ་འོངས་པར་བོད་ཀྱི་བུ་མོ་ཚོས་བོད་ཀྱི་མིང་བྱང་ཁུར་ནས་རྒྱལ་སྤྱིའི་གར་སྟེགས་སོགས་ཀྱི་སྟེང་འགྲོ་ཐུབ་ཀྱི་ཡོད་པས། བོད་སྤྱི་པའི་ཞབས་འདེགས་ཟེར་བ་ཆུང་ས་ནས་མགོ་ཚུགས་ཏེ་ལས་དོན་གཉེར་དགོས་པ་ལས། མིའི་ལས་ཀ་ལ་སྐྱོན་བརྗོད་རྐྱང་བྱས་བསྡད་དེ་སྤྱི་བར་ཞབས་འདེགས་ཐུབ་ཀྱི་མེད་སྐོར་སོགས་བརྗོད་འདུག

སྤྱིར་ད་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་དེ་ཨ་རིའི་ནེའུ་ཡོག་ཏུ་ཕྱི་ཟླ་ ༨ ནང་ཚོགས་རྒྱུ་བྱས་ཡོད་ན་ཡང་། རྒྱ་གར་ནས་འགྲན་སྡུར་ནང་ཞུགས་མཁན་ཚོར་ཐོངས་མཆན་མ་རག་པས་ཕྱིར་འཐེན་བྱ་དགོས་བྱུང་ཡོད་པ་དང་། རྗེས་སུ་ཕྱི་ཟླ་ ༡༡ ནང་ཚོགས་རྒྱུ་བྱས་ཡོད་ཀྱང་འགྲན་ཞུགས་བུ་མོ་ཁག་ཅིག་སློབ་སྦྱོང་དང་ཡིག་ཚད་སོགས་ཀྱིས་ཞུགས་མ་ཐུབ་པར་བརྟེན་ད་བར་ལྷག་ཡོད་པ་རེད།

བོད་ཀྱི་མཛངས་མའི་འགྲན་སྡུར་ནི་ཕྱི་ལོ་༢༠༠༣ ལོ་ནས་མགོ་འཛུགས་ཀྱིས་ད་ལོར་ཐེངས་ ༡༦ པ་དེ་ཆགས་ཡོད་པ་དང་། ད་ལོར་བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ཨ་རིར་གནས་སྡོད་བསོད་ནམས་དབང་འདུས་ལགས་དང་། རྒྱ་གར་བ་ལཱ་ལིཌ་བྷཌ་ནཱ་གྷར་གཉིས་ལ་མཉམ་འབྲེལ་གྱིས་གོ་སྒྲིག་བྱས་ཡོད་པ་དང་། འདི་ལོའི་མཛངས་མའི་དབུ་རྒྱན་གཡོཊ་པའི་མཛད་སྒོའི་ཐོག་ཨ་རིར་གནས་སྡོད་བོད་པ་ཚོས་གཞས་སྣ་འཁྲབ་སྟོན་ཡང་བྱས་ཡོད་འདུག

བུ་མོ་བསྟན་ཡོན་ཏན་ལགས་ནི་རང་ལོ་ ༢༣ ཡིན་པ་དང་། མོ་རྒྱ་གར་ཏུ་སྐྱེས་ཤིང་རྗེས་སུ་ནང་མི་མཉམ་དུ་ཨ་རིར་་ཕྱིན་ཏེ།  ད་ལྟའི་ཆར་ཨ་རིར་ཚོང་ལས་དང་གློག་བརྙན་བཟོ་སྐྲུན་ཐད་སློབ་གཉེར་བྱེད་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༢༤

Leave a Reply

One thought on “བསྟན་འཛིན་ཡོན་ཏན་ལ་བོད་ཀྱི་མཛངས་མའི་དབུ་རྒྱན་གཡོཊ།