ཨིན་རྡུ་ནེ་ཞི་ཡའི་ནང་འབྱུང་བའི་གནོད་སྐྱོན་ཚབས་ཆེན་བྱུང་།

ཨིན་རྡུ་ནེ་ཞི་ཡའི་ནང་མེ་རི་དང་ཆུ་ལོག་གི་གནོད་སྐྱོན་བྱུང་སྟེ་མི་གྲངས་ ༢༨༠ ལྷག་རྐྱེན་འདས་དང་མི་ ༡༠༠༠ བརྒལ་བར་རྨས་སྐྱོན་ཕོག་ཡོད་པ་མ་ཟད་ད་དུང་ཉེན་ཁ་ཡོད་པའི་སྔོན་བརྡ་བཏང་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཚེས་ ༢༣ ཉིན་ཨིན་ཧི་རྡུ་ནེ་ཞི་ཡའི་སོ་མ་ཊི་ར་(Sumatra)དང་ཇ་ཝ་(Java)ཞེས་པའི་གླིང་ཕྲན་དུ། གློ་བུར་མེ་རི་འབར་གས་ཆེན་པོ་བྱུང་བ་དང་བསྟུན་ཆུ་ལོག་རྒྱུག་སྟེ་མི་གྲངས་ ༢༨༡ རྐྱེན་འདས་དང་། མི་ ༡༠༡༦ ལ་རྨས་སྐྱོན། མི་ ༣༠ ཙམ་བོར་བརླག་ཏུ་ཕྱིན་ཏེ་འཚོལ་བཞིན་པའི་སྒང་ཡིན་པ་དང་། འབྱུང་བའི་གནོད་སྐྱོན་ཁྲོད་ཁྱིམ་ཚང་ ༥༥༨ ཀྱི་ཁང་པ་དང་། ཟ་ཁང་མགྲོན་ཁང་ ༦༠། དེ་བཞིན། གྲུ་གཟེངས་ ༣༥༠ བཅས་ལ་གཏོར་སྐྱོན་ཐེབས་ཡོད་འདུག

དེ་རིང་ཨིན་རྡུ་ནེ་ཞི་ཡའི་རྒྱལ་ཡོངས་རང་བྱུང་གོད་ཆག་སྲུང་སྐྱོབ་ཚན་པས། ད་ལྟ་མེ་རུ་འབར་མཚམས་བཞག་མེད་པ་མ་ཟད། ཤུགས་ཆེན་པོ་ཞིག་འབར་གས་བྱུང་ཉེན་ཡོད་སྟབས། མི་མང་གིས་གཟབ་གཟབ་བྱེད་དགོས་པ་དང་། དམིགས་བསལ་མཚོ་འགྲམ་དང་རི་འདབས་སུ་མ་འགྲོ། ཞེས་ཉེན་བརྡ་བཏང་ཡོད་འདུག

ཡེ་ཤུའི་ཆོས་དཔོན་ཕོབ་ཧྥི་རན་ཁུ་སི་(Pope Francis)མཆོག་གིས། ང་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་སྡུག་བསྔལ་མྱོང་བཞིན་པའི་མི་མང་ལྷན་དུ་ཡོད་ལ། ངས་དཀོན་མཆོག་ལ་གསོལ་འདེབས་ཞུས་ཏེ་ཁོ་ཚོ་སྡུག་བསྔལ་ལས་བྲལ་བར་སྨོན་ལམ་འདེབས་ཀྱི་ཡོད། ཅེས་གསུངས་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། ཨ་རིའི་མི་མང་ཁྱེད་ཚོ་མཉམ་དུ་ཡོད། ང་ཚོས་ཁྱེད་ཚོ་མགྱོགས་མྱུར་ངང་དྲག་སྐྱེད་དང་དཀའ་ངལ་ལས་སེལ་བར་རེ་བ་རྒྱག་གི་ཡོད། ཅེས་བརྗོད་ཡོད་འདུག

གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟས་སྦྱིན་ཚན་པའི་མགྲིན་ཚབ་པ་བྷི་ཊི་ནཱ་ལོ་ཆར་(Bettina Luescher)ལགས་ཀྱིས། ཨིན་རྡུ་ནེ་ཞི་ཡའི་གཞུང་ལ་རྒྱབ་སྐྱོར་བྱེད་པར་གྲ་སྒྲིག་ཡོད། ཅེས་བརྗོད་ཡོད་དང་། དེ་བཞིན། རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་དང་ས་ཁུལ་དེར་ཡོད་པའི་རྒྱལ་མཚམས་མེད་པའི་སྨན་པ་ཞེས་པའི་ཚོགས་པ་སོགས་ཀྱིས། ད་ལྟའི་ཆར་དཀའ་ངལ་འོག་ཡོད་པའི་མི་མང་ལ་གཞི་རྩའི་མཐུན་རྐྱེན་ཁག་མཁོ་སྤྲོད་བྱེད་བཞིན་ཡོད་ནའང་། བོར་བརླག་ཏུ་ཕྱིན་པ་དང་སྨན་བཅོས་བཞིན་པའི་མིའི་ཁ་གྲངས་ཇེ་མང་དང་། འདས་པོའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་འདུགབརྒྱུད་ལམ་ཁག་གི་གནས་ཚུལ་ནང་། ད་རེས་སོ་མ་ཊི་ར་དང་ཇ་ཝ་གླིང་ཕྲན་གཉིས་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད་པ་དང་ལྷག་པར་དུ་མི་མང་པོ་ཞིག་རྐྱེན་ལམ་དུ་ཤོར་དགོས་དོན་ནི། ཕྱི་ཚེས་ ༢༣ ཉིན་རེས་གཟའ་སྤེན་པ་ཡིན་སྟབས་མི་མང་པོ་ཞིག་གུང་གསེང་དང་བསྟུན་མཉམ་འཛོམས་ཀྱིས་སྤྲོ་སྐྱིད་ལ་རོལ་ནས་བསྡད་ཡོད་པས་ཡིན་སྐོར་སོགས་བརྗོད་འདུགའདས་པའི་ལོ་ ༡༠༠ ཡི་རྗེས་གླིང་ཕྲན་སོ་མ་ཊི་ར་དང་ཇ་ཝ་གཉིས་སུ་མེ་རི་(Anak Krakatau)ཞེས་པ་བྱུང་བ་ཐོག་མ་དེ་ཡིན་པ་དང་། ས་དཔྱད་རིག་པའི་ཆེད་མཁས་པ་ཚོས་མེ་རུ་དེ་ནམ་རྒྱུན་ནས་ཆུང་ཆུང་རེ་རྒྱུག་གི་ཡོད་ཀྱང་གནོད་སྐྱོན་ཆེན་པོ་བྱུང་མེད་པ་དང་། ད་ལན་མེ་རུའི་རླབས་རྒྱུན་ཆེ་དྲག་པའི་རྐྱེན་གྱིས་ཆུ་ལོག་གནོད་སྐྱོན་ཡང་ཐེབས་ཡོད་སྐོར་བརྗོད་འདུག

ཨིན་རྡུ་ནེ་ཞི་ཡའི་ནང་མེ་རི་དང་ཆུ་ལོག་གི་གནོད་སྐྱོན་མང་པོ་བྱུང་གི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨིན་རྡུ་ནེ་ཞི་ཡའི་སོ་ལ་ཝི་སི་གླིང་ཕྲན་དུ་ས་ཡོམ་རྒྱུག་སྟེ། ཉུང་མཐར་མི་གྲངས་ ༢༠༠༠ རྐྱེན་འདས་སུ་ཕྱིན་པ་དང་། ཕྱི་ཟླ་ ༨ པའི་ནང་ལོམ་བྷོ་གླིང་ཕྲན་དུ་ས་ཡོམ་ཚད་རིམ་ ༧ ཅན་ཞིག་བྱུང་སྟེ་མི་ ༩༡ རྐྱེན་འདས་བྱུང་། གཞན་ཡང་།  ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་རྒྱ་མཚོའི་ནང་ས་ཡོམ་ཤུགས་ཆེན་བྱུང་སྟེ་ཉེ་འཁོར་གྱི་རྒྱལ་ཁབ་ ༡༣ ནས་མི་འབུམ་ ༢།༢༨ ཙམ་རྐྱེན་འདས་སུ་ཕྱིན་སྐབས་མང་ཆེ་བ་ཨིན་རྡུ་ནེ་ཞི་ཡའི་མི་སེར་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༢/༢༥

Leave a Reply to སྟག་ཚང་རིག་རྒོད། Cancel Reply

One thought on “ཨིན་རྡུ་ནེ་ཞི་ཡའི་ནང་འབྱུང་བའི་གནོད་སྐྱོན་ཚབས་ཆེན་བྱུང་།

  1. སྟག་ཚང་རིག་རྒོད།

    གསར་འགྱུར་བཀླགས་ཟིན། མེ་རི་ཞེས་བཅོས་ན་ལེགས། སྤྱིའི་ཆ་ནས་གསར་འགོད་པར་བཀའ་དྲིན་ཆེ་ཞུ།