ཤར་ཕྱོགས་ཁུག་རྟ།
ང་ཚོ་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གནང་མཁན་ཚོས་རྒྱ་ནག་གཞུང་ལ་དགྲ་བོ་རྒྱ་ནག་གཞུང་ཞེས་མི་འབོད་པ་དང་། རྒྱ་ནག་གི་སྲིད་འཛིན་གྱི་པར་དང་རྒྱལ་དར་མེར་སྲེག་བྱེད་པ་སོགས་མ་གནང་ན་ཡག དེ་ནི་ང་ཚོས་འདས་པའི་ལོ་རྒྱུས་ནས་ད་ལྟའི་བར་རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱས་པའི་སྡུག་རྩུབ་ཅན་དང་སྐྱི་གཡའ་བའི་སྲིད་བྱུས་རྣམས་བརྗེད་སོང་པའི་དོན་མིན། གཟི་བརྗིད་ལྡན་ཞིང་ལོ་རྒྱུས་རིང་བ། རིག་གནས་ཕུན་སུམ་ཚོགས་པ་ཅན། ས་ཁམས་ཀྱི་ཆ་ནས་ཁྱིམ་མཚེས་ཡིན་པའི་ནང་པའི་མི་རིགས་གལ་ཆེན་གཉིས་བར་མ་འོངས་བར་ཞི་མཐུན་དང་། མི་གསོད་ཁྲག་སྦྱོར་འགོག་ཐབས་ཆེད་ད་ལྟ་ནས་འཕྲལ་ཕུགས་གཉིས་ལ་དགེ་ཕན་ལྡན་པའི་ཡང་དག་པའི་ལངས་ཕྱོགས་ཤིག་འཛིན་གྱི་ཡོད་པ་མ་གཏོགས། སྐྲག་མི་དགོས་ས་ནས་ཁ་ཕོ་སྒྲོག་མ་ཐུབ་པ། གནད་མ་ཤེས་མཚམས་ནས་གང་བྱུང་ལབ་མ་ནུས་པ་ག་ལ་ཡིན།
དེང་གི་རྒྱ་ནག་གཞུང་ལ་ཁོང་ཁྲོའི་ཚོར་བ་གཅིག་པུས་ཁ་གཏད་ནམ་ཡང་མི་ཆོག་པ་གསལ་པོར་གྱུར་ཟིན། ཁོང་ཁྲོ་དང་ལ་རྒྱ་བསྲེས་མའི་ཁ་ཕོ་སྒྲོག་མཁན་ཚོས་དང་པོར་བོད་ཀྱི་སྐད་ཡིག རིག་གནས། ལོ་རྒྱུས་སོགས་ལ་སྦྱངས་པ་ལེགས་པར་བྱས་ཏེ་རང་ཉིད་བོད་མི་ཚད་ལྡན་ཞིག་བཟོས་རྗེས་གཞི་ནས་བསམ་བློ་ཞིག་ཐོངས་དང་། ངས་ནི་མཚམས་རེར་འདི་ལྟར་ཡང་དྲན་ཏེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་བཀའ་ཤག་བཙན་བྱོལ་དུ་བྲོས་པའི་གྲུབ་འབྲས་ཕྱོགས་མང་པོ་ནས་གླེང་ཐུབ་པ་ནི་ཞུ་ག་ལ་དགོས། དེའི་ནང་ཕྱོགས་གཅིག་གི་ངོས་ཏེ་གོང་ས་མཆོག་གི་མཛད་འཕྲིན་ཤར་ནུབ་འཇིག་རྟེན་གཉིས་ཀར་ཁྱབ་པ་དང་འབྲེལ་བོད་དང་བོད་ཀྱི་རིག་གནས་ཀྱི་ངོས་འཛིན་མ་འདྲ་བ་ཞིག་བྱུང་བ་ནི་ཧ་ཅང་རླབས་ཆེན་གྱི་བྱས་རྗེས་ཤིག་རེད། དེ་སྔ་ལྔ་དགུའི་གོང་གི་བོད་ཀྱི་གནས་ཚུལ་ཁྱིམ་མཚེས་གཡས་གཡོན་ཙམ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོ་ཡག་པོ་ཞིག་དང་གསལ་བོ་ཞིག་ཤེས་མེད་པ། བོད་མ་ཤོར་གོང་དགའ་ལྡན་ཕོ་བྲང་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་བོད་དོན་ཞུ་སྐུལ་གནང་བའི་གནས་བབ་ལས་ཤེས་ཐུབ་པ་ཞིག་རེད། དེ་དུས་ཁོང་ཚོས་གཙོ་བོ་བོད་ལ་གཟི་བརྗིད་ཅི་ཞིག་ལྡན་པ་དང་བོད་གསོན་པོར་གནས་དགོས་པའི་རྒྱུ་མཚན་མངོན་པར་གསལ་བ་ག་རེ་ཡོད་མེད་ལ་ལྟ་ཞིབ་བྱེད་བཞིན་པ་རེད།
ད་ལྟ་ལོ་དྲུག་ཅུ་བརྒལ་བའི་བཙན་བྱོལ་ལོ་རྒྱུས་ལ་ཕྱིར་ལྟ་བྱས་སྐབས། བོད་ཀྱི་གཟི་བརྗིད་དང་བོད་གསོན་པོར་གནས་དགོས་པའི་རྒྱུ་མཚན་རི་རབ་ལྟ་བུ་རྒྱལ་སྤྱིའི་སྒང་མངོན་པར་གསལ་བར་འཛུགས་མཁན་གོང་ས་མཆོག་ཁོ་ན་རེད། གོང་ས་མཆོག་བཙན་བྱོལ་དུ་བདེ་འབྱོར་བྱུང་བ་དང་གཞིས་ལུས་རྒྱ་ཆེ་མི་མང་ལ་སྐད་ཅིག་ཙམ་ལའང་བློ་སྟོང་མ་གནང་བའི་མཛད་འཕྲིན་ནར་མུར་བསྐྱངས་འབྲས། དེང་སང་བོད་དང་བོད་མི་རིགས་གཉིས་ཀ་འཛམ་གླིང་མི་གྲལ་དུ་ཚུད་པ་མ་ཟད་འགྲོ་བ་མིར་དགོས་ངེས་ཅན་གྱི་གནས་ཚུལ་མང་པོའི་ཐད་དཔུང་པ་མཉམ་གཤིབ་དུའང་བསྐྱོད་ཐུབ་ཀྱི་ཡོད། འདི་དག་ཐམས་ཅད་བཙན་བྱོལ་དུ་འབྱོར་བའི་གྲུབ་འབྲས་ཆེ་གྲས་རེད། དེའི་ཆ་ནས་བོད་བཙན་བཟས་བྱས་མེད་ན་གནས་ཚུལ་འདི་འདྲ་བྱུང་ཐུབ་མིན་ཚིག་ཐག་གཅོད་རྒྱུར་དུས་གསུམ་གསལ་བར་གཟིགས་མཁན་ཞིག་ལ་འདྲི་དགོས་ཀྱང་། ང་ཚོའི་ཤའི་མིག་གིས་མཐོང་བ་ནི་རྐྱེན་ངན་གྲོགས་ཤར་རང་རེད་སྙམ། དེ་ལྟར་ལྷོད་ལྷོད་དང་གཟུ་བོར་གནས་ཏེ་བསམ་བློ་བཏང་ན་རྒྱ་ནག་གཞུང་ལ་ཁོང་ཁྲོ་སྲན་མི་ཐུབ་པ་ཞིག་སྐྱེ་དགོས་དོན་ག་ལ་ཡོད། དགྲ་བོ་ཞེས་འབོད་པའི་ཚོར་བ་ཙམ་ལ་མེ་སྦར་དོན་མེད་པ་ཤེས་གསལ་རེད།
གཉིས་ནས་འཚེ་མེད་ཞི་བ་དང་མི་གསོད་ཁྲག་སྦྱོར་གཉིས་ཀའི་དགེ་སྐྱོན་ལ་ངེས་པར་དུ་བསམ་བློ་གཏོང་ཤེས་དགོས་པ་རེད། ཉེ་བའི་ལོ་འདི་འགའི་སི་རི་ཡའི་ནང་གི་དོན་རྐྱེན་ལ་གཟིགས་དང་། རང་སྟེང་དུ་དེ་འདྲ་ཞིག་ཡོང་ན་བཟོད་སྲན་ཐུབ་ས་རེད་དམ། དམག་འཁྲུག་ནི་འཚེ་བ་དང་ཁོང་ཁྲོའི་བྱ་སྤྱོད་ལ་བརྟེན་ནས་འབྱུང་གི་ཡོད་པ་༧གོང་ས་མཆོག་གིས་རྟག་ཏུ་གསུངས་ཤིང་། ད་ལྟའི་རྒྱ་ནག་གཞུང་ལ་དགྲ་བོ་ཞེས་ཞེ་སྡང་ཆེན་པོས་བསྒྲགས་ཤིང་བོས་ན། མགོ་ཁྲིད་ཚོས་ཅི་བསམ་གི་རེད། མི་མང་གིས་ཅི་བསམ་གི་རེད། ང་ཚོ་བོད་མི་རིགས་འདི་གསོན་པོར་གནས་དགོས་དོན་དང་གནས་པའི་རིམ་པ་ཡང་བདེ་འཇགས་མེད་པ། མི་ཤི་རྟ་འགྱེལ་རྒྱུན་མི་ཆད་པ། ཞེད་སྣང་དང་དོགས་ཟོན་གྱིས་ཁེངས་པའི་རྒྱུ་རྐྱེན་རྣམས་འགོག་ཐུབ་པའི་གདེང་ཚོད་དང་འཆར་གཞི་གང་ཡང་མེད་པར་འཚེ་བ་ཅན་གྱི་ཚིག་ཙམ་སྤྱད་དེ་གཞན་ལ་ཁོང་ཁྲོ་བསླངས་བསྡད་ན་སྙིང་བོ་ཅི་ཞིག་འདུག་གམ། དེའི་ཆ་ནས་འཚེ་མེད་ཞི་བའི་ལག་ལེན་ལ་ཡིད་ཆེས་བློས་འགེལ་བྱེད་དགོས་པའི་ཉམས་མྱོང་དང་བསླབ་བྱ། ཁེ་ཕན་བཅས་ལ་ངེས་པར་ངོས་འཛིན་བརྟན་ཚུགས་པ་ཞིག་རྙེད་དགོས་པ་འཕྲལ་ཡུན་ཀུན་ཏུ་དགེ་བ་ཆེ་སྟབས། དགྲ་བོ་ཞེས་འབོད་པ་ལ་དགེ་བ་ཏིལ་འབྲུ་ཙམ་མེད་པ་དེ་ལྟར་རེད།
ཡང་ཕྱོགས་གཞན་ཞིག་ནས་བསམས་ན། ནང་པ་ཡིན་མིན་དང་ཆོས་པ་ཡིན་མིན་ལ་མ་ལྟོས་པར། རྒྱུ་གང་ཞིག་བྱས་པ་དེར་འབྲས་བུ་དེ་ལྟར་དུ་གྲུབ་པ་ཆོས་ཉིད་དང་ཁྲིམས་དོན་གནས་བབ་ལའང་ཁྱབ་པ་མི་ཕལ་མོ་ཆེས་ཁས་ལེན་པ་རེད། དེས་ན། ཁྱོད་ཀྱིས་རང་གི་ཕ་ཡུལ་བོད་ཤོར་དགོས་དོན་ལ་བོད་མི་རིགས་རང་གིས་ལས་ག་རེ་བྱས་ཡོད་མེད་ལའང་ངེས་པར་བསམ་བློ་གཏོང་དགོས་པ་རེད། དེ་ལ་དབུས་ཀྱི་སྲིད་གཞུང་ཙམ་མིན་པར་མཐའི་བླ་དཔོན་ཁག་ནས་ཐ་ན་རང་གི་ཁྱིམ་ཚང་ཡན་གྱིས་མ་འགྲིག་པ་ག་རེ་བྱས་པ་ཡིན་མིན་ལ་བསམ་བློ་ཏན་ཏན་གཏོང་དགོས་པ་རེད། ཕྱི་དམག་ནང་དུ་འཛུལ་བ་ལ།། ནང་གི་རྡོག་གྲ་ཉམས་དུས་ཡོང་།། ཟེར་སྲོལ་ལྟར། དུས་ནམ་རྒྱུན་དུ་རང་བློ་ཕར་གཅིག་པུར་གཏད་ནས་འདྲེ་དང་གདོན་དང་། དགྲ་བོ་དང་ལག་དམར་ཞེས་ཁྲོས་བསྡད་པ་དེས་དོན་ལ་རང་ཉིད་ཕུང་ལ་སྦྱོར་ངེས་སྟབས། བསམ་བློ་གཏོང་ཕྱོགས་འདི་ཡང་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་ཚོས་རྒྱ་ནག་གཞུང་ལ་དགྲ་བོ་རྒྱ་ནག་གཞུང་ཞེས་མི་འབོད་པའི་རྒྱུ་མཚན་ཡིན་སྙམ།
དོན་གྱི་མདོ་ཁ་གཙོ་བོ་རང་ཉིད་ལ་ལན་གཅིག་མི་ལུས་ཐོབ་དུས་འདིར། ཆོས་དང་འཇིག་རྟེན་གང་གི་ལས་ལ་ཞུགས་ཀྱང་། རྣམ་དཔྱོད་ཚུགས་ཐུབ་ཏུ་གནས་ཏེ་མི་ཚེ་ཕུད་དགོས་པ་གལ་ཆེ་ཞིང་། ངའི་ཕ་ཡུལ་དུ་ཡུལ་མིའི་ངག་ཏུ་མི་ལ་ཆེ་མཐོང་འཇོག་སྲོལ་འདི་འདྲ་ཞིག་ཡོད་དེ། ༼ མྱི་དེ་གློའུ་ཟིག་ཏུ་སྐྱེ་མེད་ཡ། ༽ཞེས་པ་ལྟར་མཐའ་མའི་མིག་བཙུམས་སྐབས་སྡོམ་དེ་འདྲ་ཞིག་ཐོབ་རྒྱུར་ད་ལྟ་ནས་འབད་ན། རང་ལ་མི་འོས་པ་དང་མི་འཚམ་པ། རང་གིས་མི་ཤེས་པ་དང་མི་ནུས་པ་དག་ལ་འཇུག་པ་ལས་ལྡོག་སྟེ། ཤེས་ནས་སྨྲ་ཞིང་འཇུག་པའི་མི་ཚེའི་མདུན་ལམ་ཚད་ལྡན་ཞིག་རྙེད་པ་གདོན་མི་ཟ་བས་ན། སྟོང་སྐད་སྒྲོག་པ་པོ་ཚོ་དང་བོད་མིའི་གཟུགས་ཙམ་འཛིན་མཁན་ཚང་མས་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་བདེ་དོན་ལ་བསམ་གཞིགས་ཀྱིས་ཆོས་སྲིད་གཉིས་ཀའི་ལས་དོན་གང་གནང་རང་གི་ལྟོ་དོན་དུ་མིན་པ་ཞིག་ཅི་ནས་ཀྱང་གནང་སྟེ། ཤེས་ཡོན་གྱི་སྟེང་ནས་ལངས་དགོས་པ་སྟེ། ཡོད་ཚད་ཡང་དག་པའི་རྒྱུ་མཚན་ལ་གཞི་བཅོལ་ཏེ། རང་གི་རིགས་ལ་རྨ་མེད་པའི་ལྷག་བསམ་གཡོ་མེད་ཐོག གཞིའི་གནས་ཚུལ་ཚང་ལ་མ་ནོར་བར་མཁྱེན་པ། སྒྲུབ་པའི་ཐབས་ཚུལ་དུས་གནས་རྟོག་དཔྱོད་ཐུབ་མཁན་ཞིག་བྱེད་དགོས་པ་ནི་བོད་མི་ཚང་མས་ཐུགས་ལ་ངེས་དགོས་པ་རེད་སྙམ།།
རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་མི་མང་ལ་གཏམ་བཤད་སྐབས་དྲི་བར་ལན་བཏབས་པ་ཞིག་ཡིན།
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།