ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གནང་།

གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གནང་།
དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ སྟེང་། བལ་ཡུལ་ཡང་ལེ་ཤོད་རི་རྩེའི་བདུད་འཇོམས་རྣམ་གྲོལ་ཆོས་གླིང་རི་ཁྲོད་དུ། གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་གི་སྐུ་གདུང་ཞུགས་འབུལ་གནང་ཡོད་པ་དང་། འདས་མཆོད་གོ་སྒྲིག་ཚོགས་ཆུང་ནས་སྐུ་གདུང་ཞུགས་འབུལ་ཐོག་ཨོ་རྒྱན་སྨིན་གྲོལ་གླིང་གི་སྐྱབས་རྗེ་སྨིན་གླེང་མཁན་ཆེན་རིན་པོ་ཆེ་མཆོག་དང་། དཔལ་ཡུལ་འཕགས་མཆོག་རྣམ་གྲོལ་བཤད་སྒྲུབ་གླིང་གི་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག ཀཿཐོག་དགོན་ནས་སྐྱབས་རྗེ་ཀཿཐོག་སི་ཏུ་རིན་པོ་ཆེ་མཆོག ཞེ་ཆེན་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་ཚང་གི་སྐུ་ཚབ་ཨ་འཛོམས་མཆོག་སྤྲུལ་རྒྱལ་སྲས་རིན་པོ་ཆེ་མཆོག་གི་དབུས་ས་དགེ་བཀའ་རྙིང་དང་གཡུང་དྲུང་བོན་ཇོ་ནང་བཅས་ནས་ཕེབས་པའི་སྐུ་ཚབ་རྣམ་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་དཔའ་ལྡན་ཕོ་བྲང་གི་སྐུ་ཚབ་བལ་ཡུལ་དོན་གཅོད་སོགས་ཕྱོགས་མཐའ་ཁག་ནས་ཡོང་བའི་དད་ལྡན་སེར་སྐྱ་མི་མང་བཅས་མི་གྲངས་ ༣༠༠༠ ལྷག་འཛོམས་ཡོད་སྐོར་བརྗོད་བྱུང་།

ཀཿཐོག་ཨ་འཛོམས་དགོན་གྱི་སློབ་དཔོན་དང་འདས་མཆོད་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་མཁན་པོ་ནོར་བུ་བཀྲིས་ལགས་ཀྱིས་འདི་གའི་གསར་འགོད་པར། སྐུ་གདུང་སྦྱིན་སྲེག་ཞུགས་འབུལ་གནང་ས་དེ་བདུད་འཇོམས་རྣམ་གྲོལ་ཆོས་གླིང་གི་བདུད་འཇོམས་རིན་པོ་ཆེའི་རི་ཁྲོད་དེ། སྔོན་ཆད་དགེ་རྩེ་རིན་པོ་ཆེ་ཁོང་ཉིད་ལོ་༧ ལྷག་ལ་བཞུགས་མྱོང་བའི་རི་ཁྲོད་ཀྱི་ར་སྐོར་ནང་དུ་ཕྱག་མཆོད་འབུལ་དང་བཅས་སྐུ་གདུང་སྦྱིན་སྲེག་ཞུགས་འབུལ་གནང་ཡོད་པ་རེད། ཅེས་བརྗོད་བྱུང་།སྐུ་གདུང་ཟླ་བ་གཅིག་ལྷག་ལ་དམར་གདུང་གིས་བཞུགས་པར་ག་འདྲ་ཆགས་ཡོད་དྲིས་པར་ཁོང་གིས། རིན་པོ་ཆེའི་སྐུ་གདུང་དང་པོ་ཡར་འཕེལ་སོང་ན་ཡང་རྗེས་སུ་མར་ཆུང་དུ་ཕྱིན་སོང་། ནམ་རྒྱུན་རིན་པོ་ཆེའི་སྐུ་གཟུགས་ཧ་ཅང་ཆེན་པོ་ཡོད་ན་ཡང་རྗེས་སུ་ནམ་རྒྱུན་ལས་སོར་གཉིས་ཙམ་ཆུང་དུ་ཕྱིན་འདུག སྐུ་གདུང་རིན་པོ་ཆེ་དེ་སྔོན་ག་འདྲ་ཡིན་པ་དེ་ག་རང་ལ་བཞག་ཡོད་པ་དང་། སྐུ་གདུང་ལ་སྐྱོན་ཤོར་བ་དང་དྲི་མ་ཁ་བ་སོགས་ཀྱི་གནས་སྟངས་གང་ཡང་མ་བྱུང་བར་ཧ་ཅང་ཡག་པོ་དང་ངོ་མཚར་བ་ཞིག་རེད། ཅེས་དང་། རིན་པོ་ཆེ་མཆོག་གི་འདས་མཆོད་སྟེང་ཕེབས་པའི་སྐྱབས་རྗེ་རྣམ་བཞིའི་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མི་སྣ་དང་། རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་དང་སྐུ་ཚབ་རྣམ་པ། དེ་བཞིན་འཛམ་གླིང་གི་ཕྱོགས་མཐའ་ཁག་ནས་རོགས་འདེགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་སོང་།

༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་འདི་ལོའི་ཕྱི་ཟླ་ ༡༡ ཚེས ༡༩ ཉིན་བལ་ཡུལ་ཀྱི་ཡང་ལེ་ཤོད་དུ་གློ་བུར་སྐུ་གཤེགས་ཡོད་པ་དང་། ཉིན་དེའི་སྔར་ཉིན་རིན་པོ་ཆེ་མཆོག་ནས་སང་ཉིན་ང་ཤི་འདུག་ཡོད་ན་ཕ་གའི་རིའི་སྒང་དུ་མེར་སྲེག་གཏོང་དགོས་ཞེས་གསུངས་ཡོད་སྟབས། བཀའ་དགོངས་བཞིན་དབེན་པའི་རི་ཁྲོད་དེར་སྐུ་གདུང་ཞུགས་འབུལ་གནང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༢༦

Leave a Reply