སྲིད་བློན་མུ་དྷི་མཆོག་དྷ་སར་ཕེབས་རྒྱུ་རེད།

སང་ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་པི་ཇི་ཕི་སྲིད་དོན་ཚོགས་པས་ཧི་མ་ཅཱལ་མངའ་སྡེའི་གཞུང་བཟུང་སྟེ་ལོ་གཅིག་འཁོར་བའི་མཛད་སྒོར་ཞུགས་རྒྱུ་ཡིན་འདུགརྒྱ་གར་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སང་ཉིན་པི་ཇི་ཕི་སྲིད་དོན་ཚོགས་པས་ཧི་མ་ཅཱལ་མངའ་སྡེ་གཞུང་བཟུང་ནས་ལོ་གཅིག་འཁོར་བའི་དུས་དྲན་གྱི་མཛད་སྒོ་དྷ་ཤོད་ཉེན་རྟོག་ཁང་གི་ཐང་ཆེན་དུ་འཚོགས་རྒྱུ་ཡིན་པ་དང་། མཛད་སྒོའི་ཐོག་སྲིད་བློན་མུ་དྷི་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་རྒྱུ་དང་ལོ་རྗེས་མའི་ཧི་མ་ཅཱལ་མངའ་སྡེའི་འོས་བསྡུའི་དྲིལ་བསྒྲགས་མགོ་འཛུགས་འཆར་ཡོད་འདུག

ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐའོ་ཀར་(Jai Ram Thakur)མཆོག་གིས་གསར་འགོད་པར་ཐེངས་འདིའི་མཛད་སྒོའི་སྟེང་། ཧི་མ་ཅཱལ་མངའ་སྡེའི་པི་ཇི་ཕི་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་བློན་མཆོག་ཕེབས་པར་གྲ་སྒྲིག་ཧ་ཅང་འཐུས་ཚང་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་མཛད་སྒོའི་སྟེང་པི་ཇེ་ཕི་ཚོགས་པ་གཅིག་པུའི་མཐོ་རིམ་མགོ་འཁྲིད་དང་ལས་ཁུངས་ཁག་གི་ལས་མི་སོགས་མི་གྲངས་ ༡༠༠༠༠ ལྷག་འཛོམས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་མཐུད་པ་བསྟན་འཛིན་གསལ་སྒྲོན་ལགས་དང་། དྷ་ས་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་གཉིས་སུ། སྲིད་བློན་མཆོག་འདིར་ཕེབས་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་དང་བོད་མིར་འབྲེལ་བའི་མཛད་འཆར་འདྲ་ཡོད་མེད་དྲིས་པར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕེབས་བསུ་སྣེ་ལེན་སོགས་ཀྱི་མཛད་འཆར་གང་ཡང་མེད་པ་དང་། དེ་བཞིན་ཉེན་རྟོག་པས་བདེ་འཇགས་སྲུང་སྐྱོབ་ཐད་ཧ་ཅང་དམ་དྲག་གནང་གི་ཡོད་པས་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་ཀྱང་ཕེབས་བསུ་སོགས་ཀྱི་ལས་འཆར་གང་ཡང་མེད་སྐོར་བརྗོད་བྱུང་།

ཡང་ཧི་མ་ཅཱ་མངའ་སྡེའི་པི་ཇི་ཕི་ཚོགས་པའི་སྤྱི་ཁྱབ་གཞོན་པ་རཱ་ཇིབ་བྷར་ཝཱ་ཇི་(Rajeev Bhardwaj)ལགས་ཀྱིས་པི་ཇི་ཕི་ཚོགས་པའི་ལས་མི་ཚོ་ཐེངས་འདིར་སྲིད་བློན་མཆོག་ཕེབས་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་བྱེད་བཞིན་པ་དང་། སྲིད་བློན་མཆོག་ཕེབས་པ་དེས་ལོ་རྗེས་མའི་པི་ཇི་ཕི་ཚོགས་པའི་རེ་འདོད་ལེགས་འགྲུབ་ཆེན་པོ་ཡོང་བར་ཕན་ཐོགས་ཡོད་སྐོར་བརྗོད་འདུག

དྷ་ས་ས་གནས་གཞུང་གིས་སྲིད་བློན་མཆོག་ཕེབས་ཉིན་འགྲིམ་འགྲུལ་འགྲོ་འོང་སོགས་ཡུན་རིང་བཀག་འགོག་གནང་དགོས་འཁེལ་གྱི་ཡོད་པས། ཉིན་དེར་དྷ་ས་ཉེ་ཁུལ་གྱི་སློབ་གྲྭ་ཚང་མའི་སྒོ་རྒྱག་དགོས་པའི་བཀའ་ཁྱབ་བཏང་ཡོད་ན་ཡང་། ས་གནས་ཀྱི་སློབ་གྲྭ་མང་པོ་ཞིག་ཉིན་དེར་ཡིག་རྒྱུགས་གཏོང་བར་འཁེལ་ཡོད་པར་བརྟེན། ས་གནས་གཞུང་གིས་བསྐྱར་དུ་གསལ་བསྒྲགས་སྤེལ་ཏེ་ཉིན་དེར་སློབ་གྲྭ་སྒོ་རྒྱག་མི་དགོས་ཀྱང་། སློབ་ཕྲུག་ཚོར་དཀའ་ངལ་མི་ཡོང་ཆེད་སློབ་སྤྱི་ཚོས་སློབ་གྲྭའི་དུས་ཚོད་ལ་འགྱུར་བ་གཏོང་དགོས་སྐོར་བརྗོད་ཡོད་འདུག

ད་ལན་སྲིད་བློན་མཆོག་དྷ་རམ་ས་ལར་ག་ཚོད་ཅིག་བཞུགས་རྒྱུ་ཡིན་མིན་གསལ་པོ་མི་འདུག་ཀྱང་། ཁོང་ལ་ཕེབས་བསུའི་ཆེད་ཟླ་གཅིག་གི་སྔོན་ནས་བཟུང་དྷ་ས་གོང་འོག་གཉིས་གཙོའི་ཉེ་འཁོར་གྱི་ས་ཁུལ་མང་པོ་ཞིག་གཙང་བཟོ་དང་ལམ་ཁ་སོགས་སུ་གློག་འཐེན་པ། དེ་བཞིན་འདས་པའི་ལོ་གཅིག་ལྷག་ལ་བཀག་སྡོམ་བྱས་པའི་དྷ་ས་ཁུལ་གྱི་མགྲོན་ཁང་མང་པོ་ཞིག་ལ་ཆུ་གློག་བསྐྱར་དུ་མཐུད་པ་སོགས་གྲ་སྒྲིག་མང་པོ་བྱེད་བཞིན་འདུག

ཕྱི་ལོ་ ༢༠༡༤ ལོར་སྲིད་བློན་མུ་དྷི་མཆོག་ལ་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་སྟེ་སྲིད་བློན་གྱི་ལས་འཁུར་ཞུས་རྗེས། ཧི་མ་ཅཱལ་མངའ་སྡེའི་ནང་ཐེངས་དང་པོར་ཕྱི་ལོ་ ༢༠༡༦ ལོར་འོས་བསྡུའི་དྲིལ་བསྒྲགས་ཆེད་ཕེབས་ཡོད་པ་དང་། ཕྱིས་སུ་ཧི་མ་ཅཱལ་གྱི་གཞུང་འཛིན་ཚོགས་པ་པི་ཇི་ཕི་ཆགས་རྗེས་ཁོང་མཱན་དྷི་དང་མཱ་ནཱ་ལི་སོགས་མངའ་སྡེ་འདིའི་རི་ཁུལ་གྱི་གྲོང་རྡལ་ཁག་ནང་ཐེངས་འགར་ཕེབས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༢༦

Leave a Reply

4 thoughts on “སྲིད་བློན་མུ་དྷི་མཆོག་དྷ་སར་ཕེབས་རྒྱུ་རེད།

  1. སྟག་ཚང་རིག་རྒོད།

    གྲོགས་རུས་རྐང་གིས་གསུངས་པ་ལྟར་དེ་ཉིན་བོད་མི་ཡོངས་ནས་སྲིད་བློན་ཆོག་བོད་ཀྱི་རྒྱལ་ས་གཉིས་པ་དྷ་རམ་ས་ལར་ཕེབས་པར་བསུ་བ་ཟབ་རྒྱས་ཞུ་དགོས་ངེས་རེད། འོན་ཀྱང་དེ་ལྟར་མེད་པ་འདྲ།

  2. གོ་སྐབས་དམ་འཛིན་བྱེད་དགོས་པ་ཞིག་སྲིད་བློན་མཆོག་བོད་གཞུང་དམངས་གཉིས་ཀྱིས་ཕེབས་བསུ་ཞུ་དགོས་པ་དེ་རེད།