རྒྱ་ནག་ནང་དམར་གསོད་དོན་རྐྱེན་བྱུང་།

རྒྱ་ནག་ཧྥུ་ཅན་ཞིང་ཆེན་ལོང་ཡན་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གཅིག་གི་ནང་སྐྱེས་པ་ཞིག་གིས་གང་བྱུང་འགྲུལ་བ་ཚོར་གྲིས་བརྒྱབས་ཏེ་མི་མང་པོར་ཤི་རྨས་བཟོས་འདུག
ཁ་སང་ཕྱི་ཚེས་ ༢༥ ཉིན། རྒྱ་ནག་ཧྥོ་ཅན་(Fujian)ཞིང་ཆེན་གྱི་ལུང་ཡན་(Longyan)གྲོང་ཁྱེར་གྱི་གཞུང་ལམ་ཨང་ ༣༥ པའི་སྤྱི་སྤྱོད་རླངས་འཁོར་གཅིག་གི་ནང་གློ་བུར་དུ་སྐྱེས་པ་ཞིག་གིས་གང་བྱུང་གྲིས་བརྒྱབས་ཏེ། ཉུང་མཐར་འགྲུལ་བ་ ༥ བསད་པ་དང་ ༢༡ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དམར་གསོད་དོན་རྐྱེན་བཟོས་རྗེས་ཉེན་རྟོག་པས་ཉེས་ཅན་འཛིན་བཟུང་བྱས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཉེན་རྟོག་པས་ཉེས་ཅན་འཛིན་བཟུང་བྱེད་ཐུབ་ཡོད་པ་དང་། མི་དེ་ལོ་ན་ ༤༨ ཡིན་པའི་ལས་མེད་ཅིག་ཡིན་སྐོར་བརྗོད་པ་ལས་གཞན་མི་དེའི་མིང་དང་ས་གནས་གང་གི་ཡིན། ཁོས་དྲག་སྤྱོད་སྤེལ་དགོས་པའི་རྒྱུ་རྐྱེན་སོགས་གསལ་ཁ་བཟོས་མེད་པ་རེད།

ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་(ABC NEWS)གསར་ཁང་གིས། ད་ལན་གྱི་དམར་གསོད་ཁྲོད་མི་ ༨ བསད་པ་དང་མི་ ༢༢ ལ་རྨས་སྐྱོན་བཟོས་ཏེ་མི་གཅིག་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་དང་། དོན་རྐྱེན་ཁྲོད་རླངས་འཁོར་དང་སྦག་སྦག་ཁག་ཅིག་ཀྱང་བརྡབ་སྐྱོན་བྱུང་ཡོད་སྐོར་བརྗོད་འདུག

རྒྱ་ནག་ནང་འདི་ལོར་གཅིག་པུར་གྲིས་དྲག་སྤྱོད་སྤེལ་བའི་གནས་ཚུལ་ཆེན་པོ་ཁག་ཅིག་བྱུང་འདུག། འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་ཧྲན་ཞི་ཞིང་ཆེན་མེ་ཙི་རྫོང་འབྲིང་རིམ་སློབ་གྲྭ་ཨང་གསུམ་པའི་སློབ་མ་རྣམས་རང་ཁྱིམ་དུ་ལོག་པའི་ལམ་བར་དུ། རང་ལོ་ ༢༨ ཡིན་པའི་སྐྱེས་པ་ཞིག་གིས་གང་བྱུང་གྲིས་བརྒྱབས་ཏེ། བུ་མོ་ ༧ དང་བུ་ ༢ བཅས་ཁྱོན་སློབ་ཕྲུག་ ༩ དམར་གསོད་དང་། སློབ་ཕྲུག་ ༡༠ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། དེ་བཞིན་རྒྱ་ནག་ཁྲུང་ཆིན་(Chongqing)གྲོང་ཁྱེར་གྱི་སྔོན་འགྲོའི་སློབ་གྲྭ་ཞིག་གི་ནང་། རང་ལོ་ ༣༩ ཡིན་པའི་བུད་མེད་ཅིག་གིས་གང་བྱུང་གྲིས་བརྒྱབས་ཏེ་ཉུང་མཐར་བྱིས་པ་ ༡༤ ཙམ་ལ་རྨས་སྐྱོན་བཟོས། ཡང་ཕྱི་ཟླ་དང་པོའི་ནང་པེ་ཅིན་གྱི་ཚོང་ཁང་ཆེན་མོ་ཞིག་གི་ནང་མི་ཞིག་གིས་གྲིས་བརྒྱབས་ཏེ་བུད་མེད་གཅིག་བསད་པ་དང་། མི་ ༡༢ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག

ཉེ་བའི་ལོ་འགའི་ནང་གྲིས་བརྒྱབས་པའི་དོན་རྐྱེན་ཆེ་ཤོས་ཤིག་ནི། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡ ཉིན་ཡུན་ནན་ཞིང་ཆེན་ཁུན་མེན་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་སུ། མགོ་རས་ནག་པོ་གཡོགས་པའི་ཕོ་མོ་བཅུ་གྲངས་ཤིག་མི་ཚོགས་ཁྲོད་དུ་རྒྱུགས་ཏེ་གང་བྱུང་གྲིས་བརྒྱབས་ཏེ་འགྲུལ་བ་བཅུ་ཙམ་དམར་གསོད་བཏང་བ་དང་། མི་ ༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དོན་རྐྱེན་བྱུང་མ་ཐག་རྒྱ་ནག་གཞུང་གིས་དམར་གསོད་གཏོང་མཁན་རྣམས་ཡུ་གུར་དྲག་སྤྱོད་པ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཞིབ་འཇུག་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་རྒྱ་ནག་ནང་གང་བྱུང་གྲིས་བརྒྱབས་ཏེ་ཉུང་མཐར་སློབ་ཕྲུག་ ༢༥ དམར་གསོད་དང་མི་ ༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་ན་ཡང་། ཕྱི་ལོ་ ༢༠༡༤ ནས་རྒྱ་ནག་ནང་སློབ་གྲྭ་དང་མི་ཚོགས་ཁྲོད་གྲིས་དམར་གསོད་བཏང་བའི་གནས་ཚུལ་བརྡབ་ཁ་ཤས་ཀྱིས་མང་རུ་སོང་ཡོད་འདུག རྒྱ་ནག་གཞུང་ཕྱོགས་ནས་ལག་དམར་མང་ཆེ་བའི་སེམས་ཁམས་བདེ་ཐང་མིན་པ་དང་དྲག་སྤྱོད་པ་ཡིན་སྐོར་སོགས་བརྗོད་ཡོད་ཀྱང་། སྤྱི་ཚོགས་ཀྱི་གནད་དོན་དབྱེ་ཞིབ་པ་སོགས་ཀྱིས་མི་དེ་དག་གིས་སྲིད་གཞུང་དང་གང་ཟག་སྒེར་ལ་ཤ་འཁོན་རྩོད་ཆེད་སློབ་གྲྭ་དང་མི་ཚོགས་ཁྲོད་གྲིས་དྲག་སྤྱོད་སྤེལ་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༢༦

Leave a Reply to སྟག་ཚང་རིག་རྒོད། Cancel Reply

One thought on “རྒྱ་ནག་ནང་དམར་གསོད་དོན་རྐྱེན་བྱུང་།

  1. སྟག་ཚང་རིག་རྒོད།

    དེང་སང་མི་མང་པོས་སྡིག་པ་མང་པོ་གསོག་གི་འདུག རྒྱལ་སྲས་བྱང་ཆུབ་སེམས་པ་དེ་ཚོ་དུས་རྟག་ཏུ་ཐུགས་མ་བདེ་བར་བཞུགས་དགོས་པ་བཟོ་གི་འདུག ཉེ་འཆར་དྷ་ཤོད་ནས་བོད་པ་གཉིས་ཕན་ཚུན་ལ་རྡུང་རེས་བྱེད་ཀྱིན་འདུག་ཀྱང་གྲི་མེད་པས་སོ་སོར་གྱེས་སོང་འདུག བོད་པའི་ཁྲོད་ལོ་སྔོན་མ་དག་ལ་་ལྡི་ལི་ནས་གྲིས་བརྒྱབ་པའི་གནས་ཚུལ་ཐེངས་གཉིས་ལྷག་བྱུང་བ་རེད། དེང་སང་གྲིའི་བསྟན་པ་དར་བའི་སྐབས་ཡིན་པ་འདྲ། ལ་ལ་སྡིག་པ་རེད་ཡ།