སོ་སོའི་ཁ་དང་ལག་པར་བདག་པོ་རྒྱོབས། 

རྒྱ་ནག་གཞུང་གིས་སྐད་འཕྲིན་ཚོགས་པ་ཁག་ནང་བསྐུར་མི་ཆོག་པའི་དོན་གནད་ ༨ བརྒྱུད་བསྒྲགས་བྱས་ཏེ་ངན་པ་ཚར་གཅོད་ཀྱི་ལས་འགུལ་ཟེར་བ་ཞིག་སྤེལ་བཞིན་ཡོད་འདུགརྒྱ་ནག་དྲ་རྒྱའི་དོ་དམ་ཚན་པས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཆེ་ཤོས་སྐད་འཕྲིན་ཐོག་གི་གནས་ཚུལ་སྤྱི་དང་། ལྷག་པར་དུ་ཚོགས་པ་ཁག་ཇེ་མང་དུ་སོང་སྟེ་གནས་ཚུལ་འདྲ་མིན་བརྒྱུད་སྐུལ་བྱེད་བཞིན་ཡོད་པར་སྟངས་འཛིན་བྱེད་ཆེད། མི་གྲངས་ ༡༠ ལས་བརྒལ་བའི་སྐད་འཕྲིན་ཚོགས་པ་ཁག་ནང་བསྐུར་མི་ཆོག་པའི་དོན་གནད་ ༨ གཏན་འབེབ་བྱས་ཡོད་པ་དང་། གལ་སྲིད་མི་སུ་ཞིག་གིས་སྒྲིག་འགལ་བྱས་ཚེ་ཆེས་ཉུང་མཐར་ལོ་ ༡ ནས་ལོ་ ༨ བར་བཙོན་འཇུག་བྱ་རྒྱུ་ཡིན་པ་སོགས་ངན་པ་ཚར་གཅོད་ཀྱི་ལས་འགུལ་ཟེར་བ་ཞིག་སྤེལ་བཞིན་ཡོད་སྐོར་བསྒྲགས་འདུག

གནད་དོན་དེའི་སྐོར་ལ་འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས། ཁ་སང་དེ་རིང་མཚོ་སྔོན་ཕྱོགས་སུ་སྐད་འཕྲིན་དང་ཝེ་པོ་སོགས་ནང་དྲ་གྲོགས་དང་ནང་མི་ཕན་ཚུན་བར་འབྲེལ་གཏུག་བྱེད་རྒྱུ་ཁག་པོ་ཆགས་འདུག རྒྱུ་རྐྱེན་ཅི་ཡིན་གསལ་བོར་ཤེས་ཀྱི་མི་འདུག དྲ་གྲོགས་མང་པོ་ཞིག་གིས་ཕན་ཚུན་ལ་འབྲེལ་གཏུག་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་འདུག ཁ་སང་སྐད་འཕྲིན་ཚོགས་པ་ཁག་ཅིག་ནང་། སང་ཉིན་ནས་རྒྱལ་ཁབ་ཀྱི་ཆ་འཕྲིན་ལས་སྒྲུབ་ཁང་གི་བཀའ་བཀོད་འོག་དྲ་རྒྱ་དོ་དམ་དང་ཞིབ་བཤེར་ལས་ཁུངས་སོ་སོས་སྐད་འཕྲིན་དང་ཝེ་པོ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་སྟངས་འཛིན་དང་ཞིབ་བཤེར་བྱ་རྒྱུ་རེད། དེར་བརྟེན་སྐད་འཕྲིན་ཚོགས་པ་སོ་སོས་རང་རང་གི་ཚོགས་པའི་ནང་གི་གནས་ཚུལ་གཙང་བཟོ་བྱེད་རྒྱུར་གྲ་སྒྲིག་བྱོས། སྐད་འཕྲིན་ཚོགས་པ་དང་དྲ་གྲོགས་ཕན་ཚུན་བར་འབྲེལ་གཏུག་བྱེད་སྐབས། ངག་ཐོག་ནས་མ་གཏོགས་ཡིག་ཐོག་ནས་འབྲེལ་བ་བྱས་ན་སྟབས་བདེ་ཡིན་ས་མ་རེད། སྐད་འཕྲིན་ནང་གནད་དོན་དང་འབྲེལ་བའི་གླེང་མོལ་མི་བྱ་བར་ཡིད་འཇོག་གནང་རོགས། ཞེས་པའི་གནས་ཚུལ་འཐོན་གྱི་འདུག་ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་དེའི་སྐོར་གྱི་གནས་ཚུལ་ནང་། སྐད་འཕྲིན་ཚོགས་པ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཚོད་དང་ས་གནས་གང་དུ་ཡིན་རུང་སྐད་འཕྲིན་ཚོགས་པའི་ནང་དུ་ཏང་དང་རྒྱལ་ཁབ་ལ་གནོད་པ་དང་། ཡང་ན་ཁྲིམས་འགལ་གྱི་ཆ་འཕྲིན་བསྐུར་མི་ཆོག་པ་དོ་དམ་དགོས་པ་དང་།   གལ་སྲིད་སྐད་འཕྲིན་ནང་དུ་ཏང་དང་རྒྱལ་ཁབ། སྤྱི་ཚོགས་སོགས་ལ་གནོད་པའི་ཆ་འཕྲིན་སོགས་བསྐུར་ན། ད་ཐེངས་གི་ངན་པ་ཚར་གཅོད་ཀྱི་ལས་འགུལ་ནང་ཐག་གཅོད་ནན་པོ་བྱས་ཏེ་སྐད་འཕྲིན་ཚོགས་པ་དང་མི་སྒེར་ལ་ཁྲིམས་ཆད་གཅོད་རྒྱུ་ཡིན་པས། རེ་བར་སྐད་འཕྲིན་ཚོགས་ཁག་སོ་སོས་རང་གི་ཚོགས་མི་ཡོངས་ལ་བླང་བྱ་ནན་པོའི་ངང་ནས་རང་རང་གི་ཁ་དང་ལག་པ་བདག་པོ་རྒྱབ་ནས་གཏམ་འཆལ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་བཟོ་བསྐུར་མི་ཆོག གལ་སྲིད་དེ་ལས་འགལ་ན་མཇུག་འབྲས་ལ་རང་ཉིད་ཀྱིས་འགན་ཁུར་དགོས། ཁྲིམས་འགལ་བྱེད་མཁན་ལ་ལོ་ངོ་ ༡ ནས་༨ བར་བཀག་བཙོན་འཇུག་བྱ་རྒྱུ་དང་། ཚོགས་པ་དེའི་ཚོགས་གཙོས་འགན་འཁྲི་མཉམ་ཁུར་དགོས། ཞེས་བཀོད་འདུག

བསྐུར་མི་ཆོག་པའི་དྲིལ་བསྒྲགས་འདི་བོད་སྐད་ནང་བསྒྱུར་ཏེ་སྒྲ་སྒམ་བཟོས་ནས་བོད་རིགས་ནང་ཁུལ་དུ་བརྒྱུད་བསྐུར་དགོས་པའི་སྐུལ་མ་བཏང་ཡོད་པ་དང་། བརྒྱུད་བསྐུར་མི་ཆོག་པའི་དོན་གནད་ ༨ ནི། གཅིག་ཆབ་སྲིད་ཐད་ཀྱི་ཚོར་སྐྱེན་གླེང་གཞི་མི་བསྐུར་བ་དང་། གཏམ་འཆལ་ལ་ཡིད་ཆེས་དང་བརྒྱུད་བསྐུར་མི་བྱེད་པ་གཉིས། གསུམ་རྒྱ་ནག་ནང་ལོགས་ཀྱི་དཔྱད་གཞིའི་ཡིག་ཆ་མི་བསྐུར་བ། བཞི་འཆལ་གཏམ་དང་གཏུམ་སྤྱོད། དེ་བཞིན། འཇིགས་སྐུལ་སོགས་ཀྱི་འཕྲིན་མི་བསྐུར་བ། ཧོང་ཀོང་དང་ཨའོ་མན། ཐེ་ཝན་སོགས་ཀྱི་གསར་འགྱུར་སྐོར་གཞུང་ཕྱོགས་ཀྱི་དྲ་ཚིགས་ཐོག་ཡོངས་བསྒྲགས་མ་བྱས་གོང་མི་བསྐུར་བ་དང་ལྔ། དྲུག་དམག་དོན་དཔྱད་གཞིའི་གསར་འགྱུར་མི་བསྐུར་བ་དང་བདུན་རྒྱལ་ཁབ་ཀྱི་གསང་བའི་འབྲེལ་ཡོད་ཡིག་ཆ་སོགས་མི་བསྐུར་བ། དེ་བཞིན་ཞིབ་བསྡུར་མ་བྱས་གོང་གི་རྣམ་པ་འདྲ་མིན་གྱི་ཞལ་འདེབས་སྐོར་མི་བསྐུར་བ་དང་བརྒྱད་བཅས་ཡིན་འདུག

རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༠ པའི་ནང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཉེན་རྟོག་ཁང་གིས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ ༢༤༨ བསྡུས་ཏེ་ཁྲིམས་ལུགས་ཟབ་སྦྱོང་སྤྲད་པ་དང་། དམིགས་བསལ་ཏང་གི་ཚོགས་ཆེན་དང་རྒྱལ་དོན་དང་འབྲེལ་བའི་དུས་ཆེན་སོགས་ཀྱི་སྐབས་སུ་རྒྱ་གཞུང་གིས་སྐད་འཕྲིན་གཙོས་ཝེ་པོ་ (Weibo)། ཁྱེའུ་འཕྲིན་ (QQ) སོགས་སྤྱི་ཚོགས་བརྒྱུད་ལམ་ཆེ་ཁག་ལ་སྟངས་འཛིན་དང་ཞིབ་བཤེར་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༢/༢༦

Leave a Reply

One thought on “སོ་སོའི་ཁ་དང་ལག་པར་བདག་པོ་རྒྱོབས། 

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཉེས་པའི་བུ་ལ་ཉེས་པ་མ་བཏང་ན།
    བྱེད་པོ་ཐམས་ཅད་ཉེས་པའི་རྒྱུ་ལ་འགྲོ།
    བཟང་པོའི་བུ་ལ་བྱ་དགའ་མ་ཕུལ་ན།
    བཟང་པོའི་ལས་ལ་འཇུག་མཁན་དཀོན་དུ་འགྲོ།