ཚིག་མཛོད་དང་ཚིག་མཛོད་རིག་པའི་གཞུང་ལུགས་གཉིས་གལ་ཆེ་མཉམ་ལྟ་བུ་ཞིག་རེད།

༧གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པའི་རྟེན་འབྲེལ་མཚོན་བྱེད་དུ་ཐ་སྙད་གྲངས་༢༡༡༡༡༣ ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་དང་ཚིག་མཛོད་རིག་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༠༠ སྟེང་། གནས་མཆོག་རྡོ་རྗེ་གདན་གྱི་གྷ་ཡ་རའེ་ཇན་སི་གསོལ་མགྲོན་ཁང་ (Bodhgaya Regency Hotel) གི་ཚོགས་ཁང་དུ། ༧གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་སྦྱོར་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་དང་། བོད་ཀྱི་ཚིག་མཛོད་རིག་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་ལ། དབུ་འབྱེད་ཀྱི་མཛད་སྒོའི་ཐོག ༧ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཤར་རྩེ་ཆོས་རྗེ་མཆོག་དང་ཇོ་ནང་རྒྱལ་ཚབ་ཆོས་ཀྱི་སྣང་བ་མཆོག དེ་བཞིན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཅས་དབུ་བཞུགས་ཐོག  ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དང་མཁས་དབང་རྣམ་པ། སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་རྣམ་པ་དང་། འབྲེལ་ཡོད་སེར་སྐྱ་ཕོ་མོ་ཁྱོན་ ༣༠༠ ཡས་མས་འཛོམས་འདུག

དབུ་འབྱེད་མཛད་སྒོའི་སྐབས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་གཞི་གཙོ་བོ་ཁག་ནི་ཚིག་མཛོད་ཀྱི་ལས་གཞི་དང་བརྡ་སྤྲོད་ཀྱི་འགྲོ་སྟངས་གློག་གི་ནང་གཏན་འཁེལ་བཟོ་བ། དེ་བཞིན་སྒྲ་གདངས་ལ་ཞིབ་འཇུག་གིིས་གློག་གི་བོད་སྐད་བཤད་ཐུབ་པ་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་༧གོང་ས་མཆོག་བརྟན་བཞུགས་ཀྱི་རྟེན་འབྲེལ་མཚོན་བྱེད་དུ་ཐ་སྙད་གྲངས་ ༡༠༡༡༡༣ ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་དང་པོ་ཕུལ་བ་དང་། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་༧གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པའི་རྟེན་འབྲེལ་མཚོན་བྱེད་དུ་ཐ་སྙད་གྲངས་༢༡༡༡༡༣ ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་དེ་ཡར་ཕུལ་ཡོད། ལས་གཞི་འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཆོས་བརྒྱུད་གྲུབ་མཐའ་ཡོངས་རྫོགས་ཀྱིས་མཉམ་ལས་གནང་བའི་ལས་གཞི་རྒྱ་ཆེན་པོ་ཞིག་ཡིན་པ་ཙམ་དུ་མ་ཟད། སྨོན་ལན་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཀྱང་ལས་གཞི་དག་བཟོ་ཐུབ་ཙམ་མ་ཡིན་པར་སྤྱི་ཚོགས་ནང་ནུས་པ་འདོན་ཐུབ་པ་ཞིག་དང་། རིམ་པར་ཡར་རྒྱས་བཏང་སྟེ་ལོ་ ༢༠ ཙམ་ཀྱི་རྗེས་ལ་ཚད་ལྡན་ཞིག་ཆགས་པར་འབད་བརྩོན་ཞུ་བཞིན་ཡོད་སྐོར་བརྗོད་སོང་།

ཚིག་མཛོད་རིག་པའི་དཔེ་དེབ་ཀྱི་བརྒྱུད་རིམ་སྐོར་ལ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས། སྤྱིར་བཏང་བསམ་བློ་བཏང་ན་འཛམ་གླིང་ཐོག་ཚིག་མཛོད་བསྒྲིགས་ནས་ལོ་སྟོང་ཕྲག་འགའ་ཕྱིན་འདུག ང་ཚོ་བོད་ལ་ཆ་བཞག་ནས་བཤད་ནའང་བོད་བཙན་པོ་རིམ་བྱོན་གྱི་སྐུ་དུས་ནས་སྐད་གཉིས་ཡོད་པའི་ཚིག་མཛོད་སོགས་རིམ་པ་བཞིན་དུ་བསྒྲིགས་ནས་དུས་རབས་བཅུ་དགུ་པ་བར་དུ་བོད་ཀྱི་སྐད་ཡིག་དེ་སྐད་ཡིག་མ་འདྲ་བ་བཅུའི་ཐོག་ཚིག་མཛོད་བསྒྲིགས་ཡོད་པ་ཚིག་མཛོད་སྒྲིག་པའི་བརྒྱུད་རིམ་ཁྲོད་ང་ཚོས་བརྙེད་སོང་། གཞན་པ་དེ་འདྲའང་ད་དུང་ཡོད་ཀྱི་རེད་བསམ་གྱི་འདུག ཡིན་ནའང་ད་ལྟ་བར་དུ་བོད་ཀྱི་ལོ་རྒྱུས་ནང་བོད་ཀྱི་ཚིག་མཛོད་རིག་པའམ་ཚིག་མཛོད་སྒྲིག་སྟངས་ཀྱི་གཞུང་ལུགས་ཀྱི་བརྒྱུད་རིམ་ཆ་ཚང་ཡོད་པ་དེ་འདྲ་ང་ཚོས་བརྙེད་སོན་བྱུང་མ་སོང་། ཚིག་མཛོད་ཅིག་སྒྲིག་ཡོང་དུས་ཚིག་མཛོད་ཀྱི་གཞུང་ལུགས་ཤིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་འདུག ད་ལྟ་བར་དུ་ཚིག་མཛོད་ཧ་ཅང་མང་པོ་ཞིག་བསྒྲིགས་ཡོད་པ་དེ་ཚོ་ཚིག་མཛོད་སྒྲིག་སྟངས་ཀྱི་རྣམ་བཞག་འདི་འདྲ་ཡིན་ཅེས་པའི་གཏན་འབེབ་བྱས་ཏེ་བསྒྲིགས་ཡོད་པའི་གཞུང་ལུགས་ཤིག་ང་ཚོས་བརྙེད་མ་སོང་། ཕྱི་ལོ་ ༡༩༧༩ ལོར་བསྒྲིགས་པའི་དག་ཡིག་གསར་སྒྲིག་ནི་དག་ཡིག་བསྒྲིགས་སྟངས་ཀྱི་ཕྱོགས་མགོ་ཨོ་ཙམ་འདུག ཐ་སྙད་ཀྱི་རྣམ་བཞག་རྣམ་པ་བཅུའི་ནང་བགོས་ཡོད་པ་རེད། ཡིན་ནའང་དེ་དེང་སང་གི་ཚིག་མཛོད་ཀྱི་གཞུང་ལུགས་གཞན་དང་བསྡུར་ན་དེ་ནི་དཔེ་མཚོན་ཙམ་རེད་མ་གཏོགས་ཆ་ཚང་པོ་དང་སྤུས་དག་པོ་དེ་འདྲ་བསྒྲིགས་ཐུབ་མི་འདུག་པས། ང་ཚོས་ཚིག་མཛོད་སྒྲིག་དུས་ཅི་ལྟར་སྒྲིག་པའི་རིམ་པའི་སྐྱ་ཐིག་ཞིག་ང་ཚོས་གཏན་འབེབ་བྱས་ཡོད་པ་རེད། སྐྱ་ཐིག་དེ་གཞི་ལ་བཞག་ནས་ང་ཚོས་ལོ་ངོ་ ༦ རིང་ལ་ལས་ཀ་བྱས་པའི་ཉམས་མྱོང་གཞི་ལ་བཞག་ནས་བོད་ཀྱི་ཚིག་མཛོད་རིག་པ་ཅེས་པའི་དཔེ་དེབ་ཆུང་ཆུང་ཞིག་བསྒྲིགས་ཡོད་པ་རེད། ཅེས་ངོ་སྤྲོད་གནང་པ་དང་སྦྲགས། ཚིག་མཛོད་རིག་པའི་གཞུང་ལུགས་དེ་བརྡ་སྤྲོད་ཀྱི་དབྱེ་བ་དང་བརྡ་ཆད་ཀྱི་དབྱེ་བ། འགྲེལ་བཤད་རྒྱག་སྟངས་ཀྱི་རིམ་པ་བཅས་རྩ་བའི་སྒྲོམ་གཞི་ཡི་རིམ་པ་ཆེན་པོ་ ༣ དང་དེའི་འོག་ལ་ནང་གསེས་དབྱེ་བ་ས་བཅད་ ༡༦ ནང་ལ་བསྡུས་ནས་ཚིག་མཛོད་རིག་པའི་སྒྲོམ་གཞི་ཞིག་བསྒྲིགས་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

ཚིག་མཛོད་ཀྱི་གལ་གནད་རང་བཞིན་དང་འབྲེལ་ནས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཚིག་མཛོད་རྩོམ་སྒྲིག་གནང་པ་དང་ཆབས་གཅིག་ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་པར་འགྲེམས་བྱས་པ་དེ་དམིགས་བསལ་གྱིས་དོན་སྙིང་ལྡན་པ་ཞིག་བྱུང་འདུག་བསམ་གྱི་ཡོད། ཚིག་མཛོད་རིག་པ་དེ་བོད་ཀྱི་སྐད་ཡིག་ནང་ལ་ཡོད་པ་མ་རེད། བོད་ཀྱི་སྐད་ཡིག་ནང་ཚིག་མཛོད་མང་པོ་ཡོད་པ་རེད་ལ་བྱུང་སྔ་པའི་གྲས་ཀྱང་ཡིན་པ་རེད། བོད་ཀྱི་རིག་གནས་ནང་དཔེ་མཛོད་ཀྱི་རིག་པའི་གཞུང་ལུགས་དང་ཟློས་གར་གྱི་མཚན་ཉིད་སྟོན་པའི་གཞུང་ལུགས། དེ་བཞིན་ཚིག་མཛོད་ཀྱི་རིག་པའི་གཞུང་ལུགས་ཡོད་པ་མ་རེད། ད་ལྟ་ཚིག་མཛོད་རིག་པའི་གཞུང་ལུགས་གསར་པ་བྱུང་བ་དེ་ཞེ་དྲག་ཡག་པོ་བྱུང་འདུག འདི་ལ་བརྟེན་ནས་ཚིག་མཛོད་རིག་པའི་གཞུང་ལུགས་ཡར་རྒྱས་འགྲོ་བའི་རྨང་གཞི་མགོ་ཚུགས་པ་ལྟ བུ་ཞིག་རེད་འདུག་ལ། ཤིང་རྟའི་སྲོལ་ལྟ་བུ་ཞིག་འབྱེད་པ་རེད། སྤྱིར་ཚིག་མཛོད་དང་ཚིག་མཛོད་རིག་པའི་གཞུང་ལུགས་གཉིས་གལ་ཆེ་མཉམ་ལྟ་བུ་ཞིག་རེད་འདུག་ལ། ཚིག་མཛོད་རིག་པའི་གཞུང་ལུགས་དེ་མ་འོངས་པར་ཚིག་མཛོད་བཟོ་མཁན་མཁས་པ་སུ་འདྲ་ཞིག་བྱུང་ནའང་མཚན་ཉིད་ལ་བསྟུན་པའི་རིག་པའི་གཞུང་ལུགས་ཤིག་ཡོད་ན། དེའི་འོག་ལ་ཕྱག་ལས་བྱེད་རྒྱུ་ཞེ་དྲག་ལས་སླ་རུ་འགྲོ་རྒྱུ་དང་། རིག་པའི་གཞུང་ལུགས་དང་མཐུན་དང་མ་མཐུན་གྱི་རྣམ་དབྱེ་ཕྱེ་རྒྱུ་ཡོད་པ་དེ་ཞེ་དྲག་ཡག་པོ་རེད་བསམ་གྱི་ཡོད། ངས་སྔོན་མ་ནས་དྲན་གྱི་ཡོད། ད་ལྟ་ཡོད་པའི་ཚིག་མཛོད་མང་ཤོས་དེ་ཚོ་མིང་མཛོད་ལྟ་བུ་ཞིག་ཆགས་འདུག་པ་ལས་ཚིག་མཛོད་ཆགས་ཡོད་པ་མ་རེད། ནམ་རྒྱུན་དེར་མིང་མཛོད་མ་ལབ་པར་ཚིག་མཛོད་ཟེར་དོན་ཅི་ཡིན་གྱི་དོགས་པ་ཡོང་གི་ཡོད། ཅེས་གསུངས་སོང་།དེ་ནས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས། རྒན་སྨོན་ལམ་གྱི་ཁུར་བཞེས་ཏེ་བོད་ཀྱི་ཚིག་མཛོད་དེ་ཚོ་སྔར་གང་ཡོད་པ་དེའི་སྟེང་དེང་དུས་ཀྱི་རིག་རྩལ་དང་མཐུན་པའི་ཚིག་མཛོད་རིམ་པ་བཞིན་དུ་བྱུང་ཡོད་པ་རེད། དེ་ནི་དཔེ་མི་སྲིད་པའི་ཡག་པོ་རེད། ང་རང་ཚོའི་ཤེས་རིག་ཐོག་སློབ་སྦྱོང་བྱེད་མཁན་གང་འདྲ་ཞིག་ཡིནའང་ཕན་ཐོགས་ཆེན་པོ་ཡོད་པ་དང་། མ་འོངས་པར་བྱས་རྗེ་བླ་ན་མེད་པ་ཞིག་བཞག་ཡོད་པ་རེད། དེ་འདྲ་ཡིན་དུས་དགེ་བཤེས་སྨོན་ལམ་དང་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མང་ཚོགས་ངོས་ནས་ཀྱང་ཁོང་ཚོས་དཀའ་ལས་བརྒྱབས་པའི་དེབ་དེ་ཚོ་བེད་སྤྱོད་ཡག་པོ་བྱས་ནས་སྔར་དང་མི་འདྲ་བར་དེང་དུས་ཀྱི་རིག་གསར་དང་མཐུན་པ་ཞིག་གསར་གཏོད་གནང་ཡོད་པ་རེད། དེས་སོ་སོའི་སློབ་སྦྱོང་བྱེད་པ་དང་གོ་བ་ལོན་པར་ཕན་ཐོགས་ཆེན་པོ་ཡོད་སྟབས་ཚང་མས་དེར་ཐུགས་སྣང་ཡོང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

མཇུག་ཏུ་༧ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས། བླ་མ་དགེ་བའི་བཤེས་གཉེན་སྔོན་དུ་འགྲོ་བའི་སྒང་ནས་ཚིག་མཛོད་འདི་ལྟ་བུ་ཞིག་ཐོན་ནས་སློབ་སྦྱོང་བྱེད་ཐུབ་ན་ཕན་ཐོགས་ཏན་ཏན་ཆེན་པོ་ཡོད་པ་རེད། དཔེར་ན་དོན་དམ་བདེན་པ་ལྟ་བུའི་མིང་ཚིག་གཅིག་ལ་གྲུབ་མཐའ་བཞི་སོ་སོའི་བཞེད་པ་མི་འདྲ་བ་ག་རེ་ཡོད་པ་དང་། དེ་བཞིན་ང་ཚོ་བོད་ཀྱི་ཆོས་བརྒྱུད་གཅིག་གི་མཁས་པ་མི་འདྲ་བ་ཚོས་བཤད་ཚུལ་མི་འདྲ་བ་ག་རེ་ཡོད་པ་ཚང་མ་ཚིག་མཛོད་འདིའི་ནང་ནས་ཤེས་ཐུབ་ཀྱི་ཡོད་པ་དང་རྟོགས་ཐུབ་ཀྱི་ཡོད་སྟབས་དཔེ་ཆ་མང་པོ་གང་དུ་སོང་ན་འཁྱེར་མ་དགོས་པར། དེང་སང་གི་འཕྲུལ་ཆས་ཀྱི་ཐོག་ནས་ཚིག་གཅིག་ལ་བརྗོད་བྱ་མི་འདྲ་བའི་ཐོག་ནས་མཇལ་རྒྱུ་ཡོད་པ་དང་། སྟབས་བདེ་བའི་ཐོག་ནས་དེ་ཚོའི་ཐོག་ལ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་ཞིག་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཚིག་མཛོད་འདིས་སྤྱིར་ཐོས་བསམ་བྱེད་མཁན་ཚོར་ཕན་ཐོགས་ཡོད་པ་དང་། ལྷག་པར་དུ་རིགས་གཅིག་རྐང་འཛིན་གནང་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོད་པའི་རང་བཞིན་ཡིན་པར་ངོས་འཛིན་ཞུ་ཡི་ཡོད།  ཅེས་གསུངས་སོང་།

མཇུག་བསྡོམས་གཏམ་བཤད་སྐབས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ང་ཚོས་ཕྱི་ལོ་ ༡༩༥༠ སྔོན་ནས་བཀོད་ཡོད་པའི་ཐ་སྙད་དེ་ཚོ་གཙང་མ་བཟོ་ཐུབ་པའི་རེ་བ་རྒྱག་གི་ཡོད། དེའི་ནང་ནས་ལོ་རྒྱུས་དང་ལྟ་གྲུབ། ཆོས་ལུགས་སོགས་ཐ་སྙད་གོ་ཁག་པོ་དེ་ཚོ་ད་ཐེངས་ཀྱི་མི་ཐོག་འདི་ལ་འགྲེལ་བཤད་ཡག་པོ་ཞིག་རྒྱག་མ་ཐུབ་ཚེ་ང་ཚོ་སྐྱོ་རུ་སྐྱོ་རུ་འགྲོ་རྒྱུ་ཡིན་པ་དེ་བཤད་མ་དགོས་པ་རེད། དེར་བརྟེན་ཤུགས་རྒྱག་དགོས་པ་ཞིག་ཆགས་ཡོད་པ་རེད། ཐ་སྙད་གསར་པ་དེ་ཚོ་མི་ཐོག་འདིར་གཙང་མ་བཟོ་མ་ཐུབ་ནའང་རྗེས་མས་བྱེད་མ་ཐུབ་པ་ཞིག་མ་རེད། རྩ་བའི་ང་ཚོའི་ལས་གཞི་དེ་ལོ་ ༩ ཡི་ལས་གཞི་ཞིག་རེད། རྗེས་མ་ལོ་གསུམ་གྱི་ལས་གཞི་དེའི་ནང་དེ་རིང་ཆེད་དུ་གདན་ཞུ་བྱས་པ་ནི་ཆོས་བརྒྱུད་གྲུབ་མཐའ་ཡོངས་ཀྱི་དབུ་འཁྲིད་དང་ཕྱག་ལས་གནང་མཁན་སོགས་བོན་དང་བཅས་པ་ཕལ་ཆེར་ཆ་ཚང་འདིེར་ཕེབས་ཡོད་པ་རེད། རྩ་བའི་རྩོམ་སྒྲིག་ཚོགས་ཆུང་ ༣༣ དང་རྩོམ་སྒྲིག་པའི་མཚན་བཞེས་མཁན་གྲངས་ ༡༥༤ ཡོད་པ་རེད། རིགས་གཅིག་གིས་ཧང་སང་ཡ་དཀའ་ལས་བརྒྱབས་ཡོད་པ་རེད། ཡིན་ནའང་རིགས་ཅིག་གིས་མིང་ཙམ་རེད། དེར་རྣམ་པ་ཚོས་དོན་དམ་བདེན་པ་ཟེར་བའི་ཐ་སྙད་དེར་ཡོངས་གྲགས་སུ་སོ་སོའི་ཆོས་བརྒྱུད་ཀྱི་ཡིག་ཆ་ག་རེ་ཚང་ཡོད་མེད་གཅིག་པོར་གཟིགས་ནའང་དེའི་ནང་སུ་ཆད་ཡོད་པ་དང་སུ་ཚང་གི་ཡོད་མེད་ཤེས་ཀྱི་ཡོད་པ་རེད། ཅེས་བརྗོད་པ་དང་བསྟུན། རྗེས་མའི་ལོ་གསུམ་གྱི་ལས་གཞིའི་ནང་སླར་ཡང་ཚིག་འབུམ་ ༡ དང་མཇུག་དོན་སོགས་ཁ་སྣོན་བྱེད་འཆར་ཡོད་སྐོར་བརྗོད་སོང་ལ། དེ་རིང་དབུ་འབྱེད་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་ནི་ iOS དང་ Android གཉི་གའི་ནང་ཕབ་ལེན་དང་བཀོལ་སྤྱོད་ཐུབ་ཀྱི་ཡོད་འདུག

གནས་མཆོག་རྡོ་རྗེ་གདན་ནས་ཀླུ་མགོན་ཐར་གྱིས་སྤེལ།

བསྐྱར་བཅོས།: ༢༠༡༨/༡༢/༢༨

Leave a Reply

4 thoughts on “ཚིག་མཛོད་དང་ཚིག་མཛོད་རིག་པའི་གཞུང་ལུགས་གཉིས་གལ་ཆེ་མཉམ་ལྟ་བུ་ཞིག་རེད།

  1. གནས་ཚུལ་སྤེལ་དོན་ལྟར་བོད་ཀྱི་ཚིག་མཛོད་རིག་པའི་དཔེ་དེབ་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་ཐེངས་གཉིས་པ་བཅས་དབུ་འབྱེད་གནང་འདུག་པར་རྗེས་སུ་ཡི་རང་དང་། མཛད་རྗེས་འདིས་རང་ཅག་བོད་མིའི་སྐད་ཡིག་ལེགས་བྱང་དང་བཅས་པར་ཕན་ཐོགས་ཡོང་ངེས་སོམ་ཉི་ཅི་ལ་དགོས།

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    སྙིགས་དོར་བཅུད་ལེན་དངོས་པོའི་རང་བཞིན་ལ།
    སྙིགས་དོར་བཅུད་ལེན་གསར་བརྗེའི་མདུན་ལམ་བསྟན།
    སྙིགས་དོར་བཅུད་ལེན་མཁས་པའི་མཛད་རྗེས་ལ།
    སྙིགས་དོར་བཅུད་ལེན་ཐུབ་པའི་མི་མང་དགོས།

  3. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    མཁས་པའི་རྣམ་སྤྱོད་སྤྱི་ཚོགས་མེ་ལོང་བསྟན།
    མཁས་པའི་རྣམ་སྤྱོད་ཤེས་བྱའི་རྩལ་དུ་ངོམས།
    མཁས་པའི་རྣམ་སྤྱོད་རིག་པའི་རྩལ་ལ་མགྲན།
    མཁས་པའི་རྣམ་སྤྱོད་གསར་རྗེའི་དུས་རབས་ཤར།

  4. དགེ་བཤེས་སྨོན་ལམ་ལགས་དང་ཕྱག་རོགས་ཚོས་བོད་ཀྱི་རིག་གཞུང་ལ་དུས་དང་བསྟུན་པའི་ཕྱག་རྗེས་བླ་མེད་བཞག་པར་བཀའ་དྲིན་ཆེ་ཞུས།

    སྨོན་ལམ་ཚིག་མཛོད་རྟག་ཏུ་བེད་སྤྱོད་བཏང་དང་གཏོང་བཞིན་ཡིན། ཧ་ཅང་ཕན་ཐོགས་ཆེན་པོ་འདུག མ་འོངས་ད་དུང་ཡར་རྒྱས་སུ་སོང་ནས་སྨོན་ལམ་ཚིག་མཛོད་འདི་གཅིག་པུ་བལྟས་པས་ཆོག་པ་ཞིག་ཏུ་འགྱུར་བའི་རེ་བ་ཡང་ཡིན།

    བོད་ཀྱི་རིག་གཞུང་ལ་ཐུགས་འཁུར་གནང་མཁན་གཞོན་སྐྱེས་རྣམས་ནས་དགེ་བཤེས་སྨོན་ལམ་ལགས་ནས་ལེགས་སྐྱེས་སུ་གནང་བའི་ཚིག་མཛོད་འདི་བཞིན་རང་གི་ཁ་པར་ནང་དུ་ངེས་པར་ཕབ་ལེན་གྱིས་བེད་སྤྱོད་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་སེམས། ཐུགས་རྗེ་ཆེ།

    བཀྲིས་བདེ་ལེགས།