༢༠༡༩ ལོའི་གཡོལ་ཐབས་མེད་པའི་དཀའ་རྙོག་གསུམ།

འཛམ་གླིང་གི་དཀའ་རྙོག་འགའ་ཤས་ལ་ད་དུང་དོ་སྣང་དེ་ཙམ་གནང་གི་མེད་ཀྱང་ཁེ་མེ་རོན་དང་། ཡེ་མན། ཀོང་གྷོ་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་གནས་སྟངས་ཕྱི་ལོ་ ༢༠༡༩ ལོར་སྔར་ལས་ཛ་དྲག་ཏུ་གྱུར་ཏེ་གཡོལ་ཐབས་མེད་པ་ཞིག་ཏུ་འགྱུར་སྲིད་པའི་ཉེན་བརྡ་བཏང་།

ཁེ་མེ་རོན་ནང་མི་མང་གནས་སྤོས།ལོ་མང་རིང་ནས་ཁེ་མེ་རོན་(Cameroon)རྒྱལ་ཁབ་ཀྱིས་དཀྱིལ་དབུས་ཨ་ཧྥ་རི་ཁན་སྤྱི་མཐུན་རྒྱལ་ཁབ་(Central African Republic)དང་། ནི་ཇི་རི་ཡ་(Nigeria) ནས་བྲོས་བྱོལ་དུ་ཡོང་བའི་མི་མང་རྣམས་ལ་གནས་སྐབས་སྡོད་གནས་སྤྲོད་ཀྱི་ཡོད་ཀྱང་། དེང་སྐབས་ཁེ་མེ་རོན་རྒྱལ་ཁབ་ནང་ཁུལ་ལ་དཀའ་རྙོག་ཆེན་པོ་ཞིག་འཕྲད་ཀྱིན་ཡོད་པས། ཕྱི་ལོ་ ༢༠༡༩ ལོར་གང་འདྲ་ཆགས་མིན་བཤད་ཚོད་མི་ཐིག་པའི་གནས་སུ་ལྷུང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༠ པའི་ནང་ཁེ་མེ་རོན་གྱི་དབྱིན་སྐད་སྤྱོད་སའི་ས་ཁུལ་འགའ་ཤས་ནང་མཚོན་ཆ་བཟུང་བའི་ཤོག་ཁག་རྣམས་ཀྱིས་རང་བཙན་དགོས་པའི་ལས་འགུལ་མགོ་བརྩམས་པར་བརྟེན། ས་ཁུལ་དེ་དག་ནང་བདེ་འཇགས་ཀྱི་ཐད་ནས་རྙོན་ཟིང་ཆེན་པོ་བསླངས་ཡོད་པ་མ་ཟད། འདས་པའི་ཟླ་བ་དྲུག་རིང་འདི་ལོའི་ཁེ་མེ་རོན་གྱི་སྲིད་འཛིན་འོས་བསྡུ་དང་མི་མང་འགྲོ་སྐྱོད་བཀག་སྡོམ་ཁྲིམས་འཆར་དེའི་རྐྱེན་པས་གནས་སྟངས་ཛ་དྲག་ཏུ་གྱུར་ཏེ། ད་བར་མི་གྲངས་འབུམ་ ༤ ལྷག་གི་སྡོད་གནས་བརླགས་ཏེ་གནས་སྤོ་དགོས་བྱུང་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་དུང་དོ་སྣང་དེ་ཙམ་བྱས་མེད་ལ་དཀའ་རྙོག་སེལ་ཐབས་ཀྱང་བྱས་མེད།

ད་ལྟའི་ཆར་ཁེ་མེ་རོན་གཞུང་གིས་དཀའ་རྙོག་ཞི་འཇགས་ཀྱི་ཆེད་དམིགས་བསལ་ཚོགས་པ་བཙུགས་ཡོད་པ་མ་ཟད། རྩོད་རྙོག་སྐབས་བཙོན་འཇུག་བྱས་པའི་ངོ་རྒོལ་བ་རྣམས་ཀློད་གྲོལ་བཏང་ཡོད། ཡིན་ན་ཡང་། ཕྱི་ལོ་ ༢༠༡༩ ལོའི་ཁེ་མེ་རོན་གྱི་ས་གནས་འོས་བསྡུ་ཡིས་ད་ལྟའི་གནས་སྟངས་ཇེ་སྡུག་ཏུ་གཏང་སྟེ། མཐར་ཁྱིམ་མཚེས་རྒྱལ་ཁབ་ནི་ཇི་རི་ཡའི་ནང་དུ་ཡང་ཁྱབ་སྲིད་པ་དང་། ད་ལྟའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁེ་མེ་རོན་གྱི་གནས་སྟངས་དེ་ཚབས་ཆེན་ཞིག་ཏུ་རྩི་ཡི་མེད་པར་བརྟེན། དཀའ་རྙོག་སེལ་ཐབས་ལ་ཡང་མ་དངུལ་ཉུང་ཉུང་ལས་སྤྲོད་མི་སྲིད་སྟབས། ཁེ་མེ་རོན་གྱི་དཀའ་རྙོག་སེལ་རྒྱུའི་ཚབ་ལ་ཛ་དྲག་ཏུ་གྱུར་ཏེ། མཐར་ཁེ་མེ་རོན་གྱི་མི་སེར་ཙམ་མིན་པར་ནི་ཇི་རི་ཡ་དང་དཀྱིལ་དབུས་ཨ་ཧྥི་རི་ཁན་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་རྣམས་ཀྱི་འཚོ་རྟེན་ཡང་བརླག་ནས་ཉེན་ཡོལ་དུ་འགྲོ་དགོས་ཆགས་སྲིད་པ་རེད།

ཡེ་མན་གྱི་མུ་གེ།འདས་པའི་ལོ་གསུམ་གྱི་རིང་ཡེ་མན་གྱི་དམག་འཁྲུག་གིས་འཛུགས་བསྐྲུན་དང་གཞུང་ལས་རྩ་འཛུགས་རྣམས་རྩ་གཏོར་བཏང་ཡོད་པ་མ་ཟད། མི་མང་ས་ཡ་ ༢ ལྷག་གི་འཚོ་གནས་བརླགས་ཡོད་ཀྱང་། འདི་ལོ་ལྟ་བུའི་གནས་སྟངས་ཛ་དྲག་པོ་དེ་སྔོན་བྱུང་མེད། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཡུན་རིང་ནས་ཡེ་མན་ནང་མི་བཟོས་མུ་གེ་ཆེན་པོ་ཞིག་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད། དེ་ཡང་གཙོ་བོ་དམག་འཁྲུག་གི་རྐྱེན་པས་ཡེ་མན་ནང་ཕྱི་ནས་དངོས་ཟོག་དབོར་འདྲེན་བཀག་སྡོམ་བྱས་པར་བརྟེན། ཡུལ་དེའི་མི་མང་དཀྱུས་མའི་འཚོ་བ་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། གལ་སྲིད་ཡེ་མན་གྱི་དམག་འཁྲུག་ཁྲོད་དུ་ཞུགས་པའི་རྒྱབ་སྐྱོར་བ་དབྱིན་ཡུལ་(UK)དང་། ཨ་རི། ཧྥ་རན་སི། ཨི་རན་སོགས་ཀྱིས་མཉམ་རུབ་ཐོག ཉེ་ཆར་སེ་ཝེ་ཌན་གྱི་རྒྱལ་ས་སོ་ཊོག་ཧོམ་(Stockholm, Sweden)དུ་བཞག་པའི་གྲོས་མཐུན་དེ་གང་མགྱོགས་ལག་བསྟར་གྱིས་དམག་འཁྲུག་མཚམས་འཇོག་མ་བྱས་ཚེ། ལོ་རྗེས་མར་ཡེ་མན་ནང་གི་མི་མང་ས་ཡ་མང་པོ་མུག་ཤི་ཐེབས་སྲིད་པ་རེད།

བརྗེད་ཟིན་པའི་ཀོང་གྷོ་སྤྱི་མཐུན་རྒྱལ་ཁབ་ཀྱི་དཀའ་རྙོགའདི་ལོར་ཞི་བདེ་ལྷིང་འཇགས་ཀྱི་ཨི་ཏུ་རི་(Ituri) ས་ཁུལ་ཚུད་པའི་ཀོང་གྷོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་ཡོངས་ལ་ནང་འཁྲུག་གི་མེ་ལྕེ་མཆེད་དེ། གཞིས་རྒྱ་ཆེ་བའི་ཀོང་གྷོའི་ཤར་དང་དབུས་ཁུལ་དུ་མཚོན་ཆ་བཟུང་བའི་ཤོག་ཁག་བར་དམག་འཁྲུག་བྱུང་བར་བརྟེན། མི་སེར་དཀྱུས་མ་མང་པོར་ཤི་རྨས་བྱུང་ཡོད་པ་མ་ཟད། སྐབས་རེར་དམག་འཁྲུག་གི་རྐྱེན་གྱིས་མི་སེར་དཀྱུས་མའི་སྡོད་གནས་རྩ་གཏོར་ཕྱིན་ཏེ་གནས་མེད་དུ་གྱུར་ཏེ་གཞུང་གི་རོགས་སྐྱོར་ལ་བརྟེན་དགོས་པའི་དཀའ་ངལ་འཕྲད་ཀྱི་ཡོད། འདི་ལོར་ཀོང་གྷོ་ནང་དམག་འཁྲུག་ཙམ་མིན་པར་ལྟོགས་སྐོམ་གྱི་ཚད་གཞི་ཡང་འཕར་སྟེ། སྔ་ལོ་དང་བསྡུར་ན་ལྡབ་གཅིག་གིས་མཐོ་རུ་སོང་ཡོད། ཡིན་ན་ཡང་། ཀོང་གྷོའི་གནས་སྟངས་དེ་ད་དུང་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་འཁུར་བྱེད་ཡུལ་ཞིག་ཏུ་གྱུར་མེད། དེར་བརྟེན། གལ་ཏེ་ཀོང་གྷོའི་ཟིང་འཁྲུག་མཚམས་བཞག་སྟེ་རྒྱལ་སྤྱིའི་རོགས་སྐྱོར་ལས་འགུལ་གང་མགྱོགས་མགོ་མ་བརྩམས་ཚེ། གནས་སྟངས་ཛ་དྲག་ཏུ་གྱུར་ཏེ་མི་གྲངས་སྟོང་ཚོ་བརྒལ་བ་ལྟོགས་སྐོམ་དང་ནད་ཀྱིས་མནར་སྲིད་པ་དང་། མཐར་གཡོལ་ཐབས་མེད་པའི་དཀའ་རྙོག་ཆེན་པོ་ཞིག་ཏུ་གྱུར་སྲིད།

རྒྱལ་སྤྱིའི་རོགས་སྐྱོར་གྱིས་ཁེ་མེ་རོན་དང་། ཡེ་མན། ཀོང་གྷོ་བཅས་ཀྱི་མི་མང་རྣམས་སྐྱོབ་ཐུབ་ངེས་ཡིན་ཡང་། དེ་ནི་གཙོ་བོ་སྦྱིན་བདག་རྒྱལ་ཁབ་ཁག་གིས་མ་དངུལ་གཏོང་ཐབས་བྱེད་རྒྱུ་མ་ཟད། དམག་འཁྲུག་ཤོག་ཁག་རྣམས་ཀྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་དམག་འཁྲུག་དང་དཀའ་རྙོག་ནང་ལྷུང་བའི་མི་མང་དཀྱུས་མ་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་སྤྲོད་ཐུབ་མིན་ལ་རག་ལས་ཡོད། མདོར་ན། ཡེ་མན་སོགས་ཀྱི་དཀའ་རྙོག་རྣམས་ཆབ་སྲིད་ཐབས་བྱུས་ཁོ་ནའི་ལམ་ནས་སེལ་ཐུབ་པ་ཞིག་མིན།

གསར་འགོད་པ་པ་སངས་ཚེ་རིང་གིས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༨/༡༢/༢༨

Leave a Reply