༧གོང་ས་མཆོག་མི་མང་གིས་ཆེས་དགའ་མོས་ཞུ་སའི་དབུ་འཁྲིད་བཅུའི་ཁྲོད་བདམས།

འདི་ལོར་ཨ་རིའི་མི་མང་གིས་ཆེས་དགའ་མོས་ཞུ་སའི་དབུ་འཁྲིད་ཕོ་མོ་ ༢༠ བདམས་པའི་ནང་བོད་མིའི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བདམས།
ཟླ་འདིའི་ཕྱི་ཚེས་ ༣ ནས་ ༡༢ བར་ཨ་རིའི་གྷ་ལུབ(Gallup)ཞེས་པའི་སྤྱི་མང་བསམ་ཚུལ་རྟོག་ཞིབ་ཁང་གིས་དྲ་ལམ་བརྒྱུད། ཨ་རིའི་མི་མང་ལ་ཕྱི་ལོ་ ༢༠༡༨ ལོའི་ཆེས་དགའ་མོས་ཞུ་སའི་འཛམ་གླིང་གི་དབུ་འཁྲིད་འོས་འདེམས་བྱེད་དུ་བཅུག་སྟེ།  ཕྱི་ཚེས་ ༢༧ ཉིན་མི་མང་གིས་ཆེས་དགའ་མོས་ཞུ་ས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་སྐྱེས་པ་ ༡༠ དང་བུད་མེད་ ༡༠ ཡི་མཚན་གཞུང་ཕྱིར་བསྒྲགས་བྱས་འདུག

ཐེངས་འདིའི་ཆེས་དགའ་མོས་ཞུ་སའི་སྐྱེས་པ་རྣམས་ཀྱི་ཁྲོད་བོད་མིའི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཡེ་ཤུའི་བླ་ཆེན་ཕོབ་རྣམ་གཉིས་དང་། ཁེ་ལས་བ་གྲགས་ཅན་རེ་གཉིས་མ་གཏོགས་གཞན་ཚང་མ་ཨ་རིའི་སྲིད་འཛིན་ལས་ཐོག་ལས་ཟུར་དང་མཐོ་རིམ་ཆབ་སྲིད་མི་སྣ་རྐྱང་རྐྱང་ཡིན་པ་དང་། དེ་བཞིན་བུད་མེད་དབུ་འཁྲིད་ཀྱི་ཁྲོད་ནས་ཀྱང་མང་ཆེ་བ་སྲིད་འཛིན་གྱི་སྐུ་ལྕམ་དང་མཐོ་རིམ་ཆབ་སྲིད་མི་སྣ་ཡིན་འདུག

གྷ་ལུབ་ཀྱི་དྲ་ཐོག་འོས་འདེམས་ཁྲོད་འདས་པའི་ལོ་ ༡༧ ལྷག་རིང་ལྕམ་ཧེ་ལ་རེ་ཁི་ལིན་ཊོན་ཨ་རིའི་མི་མང་གི་ཆེས་དགའ་མོས་བྱེད་སའི་བུད་མེད་ཨང་དང་པོ་ཆགས་ཡོད་ཀྱང་། ད་ལོ་ནས་སྲིད་འཛིན་ཟུར་པ་ཨོ་བྷ་མའི་སྐུ་ལྕམ་མཱེ་ཤལ་ཨོ་བྷ་མ་བདམས་ཡོད་འདུག སྤྱི་མང་བསམ་ཚུལ་རྟོག་ཞིབ་ཁང་དེས་འདས་པའི་ཞིབ་འཇུག་གྲུབ་དོན་ཁྲོད་མི་སྣ་མང་པོ་ཞིག་མཚམས་རེར་ཨང་དང་པོ་དང་མཚམས་རེར་ཧ་ཅང་དམའ་སར་ལྷུང་བ། ཐ་ན་མི་སྣ་བཅུའི་ནང་མ་ཚུད་པ་མང་པོ་བྱུང་གི་ཡོད་ཀྱང་། བོད་ཀྱི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་འཁྲིད་བཅུ་ཡི་ནང་ཚུད་པ་ནས་བཟུང་ལོ་ལྟར་བདམས་ཐོན་བྱུང་ཡོད་པ་མ་ཟད། ཨང་རིམ་ལ་འཕར་ཆག་ཆེན་པོ་ཕྱིན་མེད་སྐོར་བརྗོད་འདུག

ཐེངས་འདིར་ཆེས་དགའ་མོས་ཞུ་སའི་སྐྱེས་པའི་ཁྲོད་ཨང་དང་པོ་སྲིད་འཛིན་ཟུར་པ་ཨོ་བྷ་མ་(Barack Obama)དང་། གཉིས་པ་སྲིད་འཛིན་ལས་ཐོག་ཊོམ་ཕུ(Donald Trump)། གསུམ་པ་སྲིད་འཛིན་ཟུར་པ་བྷོ་ཤི་ཞེ་གསུམ་པ་(George W. Bush)། བཞི་པ་ཡེ་ཤུའི་བླ་ཆེན་ཕོབ(Pope Francis)ལགས། ལྔ་པ་ཁེ་ལས་པ་གྲགས་ཅན་བྷེལ་གྷ་ཊི(Bill Gates)། དྲུག་པ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་བྷེར་ནེ་སན་ཌིར་སི(Bernie Sanders)། བདུན་པ་སྲིད་འཛིན་ཟུར་པ་བྷེལ་ཁུ་ལེན་ཊིན(Bill Clinton)། བརྒྱད་པ་བོད་ཀྱི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ། དགུ་པ་ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་ཇའོ་བྷེ་ཌིན་(Joe Biden)། བཅུ་པ་ཨ་རིའི་འཕྲུལ་ལས་བཟོ་སྐྲུན་གྱི་ཕྱུག་བདག་ཆེན་མོ་སྐུ་ཞབས་ཨེ་ལོན་མ་སེཀ་(Elon Musk)་བཅས་ཡིན་འདུག

བུད་མེད་ཆེས་དགའ་མོས་ཞུ་ས་ཨང་དང་པོ་ཨ་རིའི་སྐུ་ལྕམ་དང་པོ་ཟུར་པ་མཱེ་ཤལ་ཨོ་བྷ་མ་(Michelle Obama)དང་། གཉིས་པ་ཨ་རིའི་མདོ་འཛིན་མ་གྲགས་ཅན་ཨོབ་ར་ཝིན་ཧྥི་རི་(Oprah Winfrey)། གསུམ་པ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་བཞེང་མཁན་ལྕམ་ཧེ་ལ་རེ་ཁི་ལིན་ཊོན་(Hillary Clinton)། བཞི་པ་ད་ལྟའི་ཨ་རིའི་སྐུ་ལྕམ་དང་པོ་མལ་ལཱ་ནེ་ཡ་ཊོམ་ཕུ་(Melania Trump)། ལྔ་པ་དབྱིན་ཇིའི་རྒྱལ་མོ་ཨེ་ལི་རྫ་བྷི་ཊི་(Elizabeth)། དྲུག་པ་འཇར་མན་གྱི་སྲིད་བློན་ཨེན་ཇི་ལ་མར་ཁིལ་(Angela Merkel)། བདུན་པ་ཨ་རིའི་ཁྲིམས་རྩོད་མ་ལྕམ་རོ་ཐི་བྷ་དྷིར་གྷན་སི་བྷར་གྷི་(Ruth Bader Ginsburg)། བརྒྱད་པ་ཨ་རིའི་གློག་བརྙན་འཁྲབ་སྟོན་མ་ཨེ་ལིན་ཌི་རི་ནིར་སི་(Ellen DeGeneres)། དགུ་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་ཟུར་པ་ལྕམ་ནི་ཁི་ཧ་ལེ(Nikki Haley)། བཅུ་པ་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་པ་དང་ཞི་བདེ་གཟེངས་རྟགས་ཐོབ་མྱོང་མཁན་བུ་མོ་མཱ་ལཱ་ལཱ(Malala Yousafzai)བཅས་ཡིན་འདུག

ལོ་རེའི་ལོ་མཇུག་བསླེབས་པ་དང་བསྟུན་དྲ་ལམ་བརྒྱུད་དབུ་འཁྲིད་འདེམས་སྒྲུག་དང་སྤྱི་ཚོགས་ཀྱི་གནད་དོན་ཆེ་ཁག་ལ་དཔྱད་ཞིབ་འོས་འདེམས་བྱེད་པའི་ལུགས་སྲོལ་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་དར་སོ་ཆེན་པོ་ཡོད་པ་ལྟར། ཨ་རིའི་གྷ་ལུབ་(Gallup)དང་དབྱིན་ཡུལ་གྱི་ཡུའུ་གྷོབ་(YouGov)གཉིས་ཀྱིས་ཆེད་དུ་སྤྱི་ཚོགས་ནང་ཞིབ་འཇུག་བྱས་ཏེ་གནད་དོན་མང་པོ་ཞིག་གི་ཐོག་ཤུགས་རྐྱེན་ཐེབས་ཀྱི་ཡོད་འདུག དཔེར་ན། ཕྱི་ལོ་ ༢༠༡༢ ལོར་གྷ་ལུབ་ཀྱིས་ཨ་རིའི་ནང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོ་རྒྱུའི་ཐད་མང་ཚོགས་ཁྲོད་བསམ་ཚུལ་བསྡུ་ལེན་བྱས་ནས་རྒྱབ་སྐྱོར་ཚད་མཐོན་བོར་བསླེབས་པར་བརྟེན། ཁྲིམས་འཆར་དེ་གཏན་འབེབ་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་བཤད།

གྷ་ལུབ་ནི་ཨ་རིའི་སྤྱི་ཚོགས་ཞིབ་འཇུག་པ་སྐུ་ཞབས་ཇོར་ཇི་ཧོ་རེ་སི་གྷ་ལུབ་(George Horace Gallup)ཞེས་པ་ཞིག་གིས་ཕྱི་ལོ་ ༡༩༣༥ ལོར་གསར་འཛུགས་བྱས་ཤིང་། ཕྱི་ལོ་ ༡༩༤༨ ནས་མགོ་འཛུགས་ཀྱིས་དབུ་འཁྲིད་འོས་འདེམས་བྱས་ཡོད་པ་དང་། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ཁྲོད་ཀྱི་དཀའ་ངལ་མང་པོ་ཞིག་མི་མང་གི་བསམ་ཚུལ་དང་འོས་བསྡུ་སོགས་བརྒྱུད་ནས་ཞིབ་འཇུག་གི་ལམ་ནས་སེལ་ཐབས་དང་གསལ་འདོན་བྱེད་ཀྱི་ཡོད་པ་དང་། ད་ལྟའི་ཆར་གྷ་ལུབ་ཀྱི་ལས་གཞི་གཙོ་བོ་ཁག་བཞི་གཉེར་གྱི་ཡོད་པ་དག་ནི་གྷ་ལུབ་གསར་འགྱུར་སྡེ་ཚན་དང་གྷ་ལུབ་གཙུག་ལག་སློབ་གཉེར་སྡེ་ཚན། གྷ་ལུབ་མདུན་ལམ་སློབ་སྟོན་སྡེ་ཚན། གྷ་ལུབ་འོས་བསྡུ་ཞིབ་འཇུག་སྡེ་ཚན་བཅས་ཡིན་ལ། གྷ་ལུན་ལ་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༢༠ ནང་ལས་ཁུངས་ ༣༠ དང་ལས་མི་ ༢༠༠༠ ལྷག་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༢༨

Leave a Reply