དེ་རིང་༧གོང་ས་མཆོག་ནས་སྐུ་ངལ་གསོས།

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ངལ་གསོས་ཏེ་སང་ཉིན་ནས་མུ་མཐུད་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་གནང་རྒྱུ་ཡིན་འདུགདེ་རིང་སྐུ་ངལ་གསོ་གནང་གི་ཡོད་པའི་སྐོར་ལ་ཕྱི་ལུགས་བླ་སྨན་པ་ས་འདུས་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་འགོད་པར། སྤྱིར་བཏང་༧གོང་ས་མཆོག་གི་སྐུ་ཁམས་ཡག་ཐག་ཆོད་འདུག ཡིན་ནའང་ཏོག་ཙམ་སྐུ་ཐང་ཆད་ཀྱི་འདུག་གསུང་གི་འདུག་ཅེས་མར་བཀའ་གནང་གི་འདུག ད་ལན་གྱི་བཀའ་དབང་འདི་དུས་ཡུན་རིང་པོ་ཞིག་ལ་གནང་མེད་པ་དང་། དེར་མཛད་པ་ཟབ་རྒྱས་ཞེ་པོ་རེད་འདུག་ལ། དེ་བཞིན་གསུང་ཞུ་མཁན་ཚོས་མཐོང་ཆོས་སུ་གྱུར་ཡོད་པ་ཞིག་ལ་བཀའ་དབང་འདི་གནང་བར་ཕྱག་དཔེ་གཉིས་རེར་གཟིགས་དགོས་པ་དང་དེར་ཕྱག་རོགས་ཞིག་མེད་ན་གནང་ཐུབ་ཀྱི་ཡོད་པ་མ་རེད། བཀའ་དབང་གསུང་ཁག་པོ་ཞིག་ཡིན་པ་འདྲ།  དེ་བས་དེ་རིང་སྐུ་ངལ་གསོས་ན་བཀའ་དབང་གནང་བར་སླ་རུ་མི་ཡོང་ངམ་བསམ་ནས་སྨན་པ་རྣམ་པ་ཚོ་དང་དྲུང་ཆེ་རྣམ་པ་ཚོས་སྐུ་མདུན་ལ་སྐུ་ངལ་གསོ་བའི་འབོད་སྐུལ་ཞུས་སྟབས། ཞལ་བཞེས་ཐོབ་སྟེ་ཉིན་གཅིག་རིང་བཀའ་དབང་དང་གསུང་ཆོས་མི་གནང་རྒྱུ་བྱས་པ་རེད། དེ་མིན་གཞན་སྐུ་མདུན་གྱི་སྐུ་ཁམས་མི་བདེ་བ་དང་སྙུང་གཞི་བྱུང་བ་དེ་འདྲ་རྩ་བ་ཉིད་ནས་རེད་མི་འདུག་པས། སང་ཉིན་ནས་མུ་མཐུད་བཀའ་དབང་གནང་རྒྱུ་ཡིན་པ་རེད། ཅེས་གསུངས་བྱུང་།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད། གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་འཇམ་དཔལ་ལྷུན་གྲུབ་ལགས་སུ། དེ་རིང་གི་བཀའ་དབང་ཕྱི་འགྱངས་གནང་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཆར་སྤྱི་ལ་འགྱུར་བ་ག་རེ་ཐེབས་ཡོད་མེད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་སྐུ་ངལ་གསོ་ཆེད་དེ་རིང་བཀའ་དབང་མེད་པ་དང་། སང་ཞོགས་ཆུ་ཚོད་ ༧།༣༠ ཐོག་བཀའ་དབང་དབུ་འཛུགས་གནང་རྒྱུ་ཡིན་པ་ལས་སྤྱིའི་མཛད་འཆར་ཁག་བསྐྱར་དུ་འགྱུར་བ་གང་ཡང་བྱུང་མེད་སྐོར་བརྗོད་བྱུང་།

གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༢/༢༩

Leave a Reply