གནས་སྐོར་བ་འཕྲལ་དུ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་།

རྒྱ་ནག་གཞུང་གིས་བོད་མི་གནས་སྐོར་བ་ཚོར་བཙན་བཀའ་བཏང་སྟེ་ཛ་དྲག་ངང་ཕྱིར་ལོག་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་འདུགའདི་གའི་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༡༨ ལོའི་ལོ་མཇུག་ཏུ་བོད་མཚོ་སྔོན་ཕྱོགས་སུ་གནམ་གཤིས་འཁྱག་པ་དང་ལས་ཀ་དེ་ཙམ་མེད་པའི་དུས་སྐབས་དང་བསྟུན། ས་གནས་བོད་མི་མང་པོས་ཕྱི་སྐྱོད་ལག་འཁྱེར་ཞུས་ཏེ། བལ་ཡུལ་སོགས་ཀྱི་ནང་གནས་སྐོར་དུ་ཡོང་ཐབས་བྱེད་ཀྱི་ཡོད་པ་ལྟར། བོད་མི་ཁག་ཅིག་གིས་ཕྱིར་སྐྱོད་ལག་འཁྱེར་རག་པ་མ་ཟད། མི་རེས་རྒྱ་སྒོར་༦༠༠༠་རེ་སྤྲད་ནས་གནམ་གྲུའི་འཛིན་བྱང་ཡང་ཉོས་ཚར་ཡོད་ཀྱང་། རྒྱ་ནག་གཞུང་གིས་གློ་བུར་དུ་ཕྱི་སྐྱོད་མི་ཆོག་སྐོར་བརྗོད་དེ་བཀག་ཡོད་འདུག

ཕྱི་སྐྱོད་བཀག་སྡོམ་བྱས་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ང་ཚོ་ཕྱི་སྐྱོད་བྱ་རྒྱུ་བཀག་པ་མ་ཟད། གནམ་གྲུའི་འཛིན་བྱང་གི་རིན པ་ལས་རྒྱ་སྒོར་ ༡༠༠༠་རེ་ཕྱིར་སྤྲད་མ་བྱུང་ཟེར།

ད་ལན་བོད་མི་གང་འཚམ་ཞིག་བལ་ཡུལ་སོགས་ཀྱི་ནང་གནས་སྐོར་དུ་ཡོང་ཐུབ་ཡོད་ཀྱང་། ཉིན་ཤས་སྔོན་ནས་བཟུང་མཚོ་སྔོན་ཕྱོགས་ཀྱི་རྫོང་ཉེན་རྟོག་པ་དང་ས་གནས་ཉེན་རྟོག་པས་གནས་སྐོར་བའི་ཁྱིམ་མི་ཚོར་ཁ་པར་ཡང་ཡང་ཡོང་སྟེ། ཉིན་གསུམ་ནང་གནས་སྐོར་བ་ཕྱིར་བོད་ནང་འབྱོར་དགོས་པའི་བཙན་བཀའ བཏང་ཡོད་པ་མ་ཟད། གལ་ཏེ་དུས་བཅད་ལྟར་བསླེབ་མ་ཐུབ་ཚེ། དྲ་ཐོག་ནས་ཕྱི་སྐྱོད་ལག་འཁྱེར་ནུས་མེད་བཟོས་ཏེ་ཕྱིར་ལོག་མི་ཆོག་པ་བཟོ་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱས་འདུག

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར། ད་ལན་མཚོ་སྔོན་ཕྱོགས་གཅིག་པུ་མིན་པར་སི་ཁྲོན་ནས་ཡིན་པའི་བོད་མི་གནས་སྐོར་བ་འགའ་ལའང་གཅིག་མཚུངས་ཀྱི་བཀག་འགོག་དང་བཙན་བཀའ་བཏང་འདུག

དེ་སྔོན་དུས་འཁོར་དབང་ཆེན་སོགས་ཀྱི་སྐབས། རྒྱ་ནག་གཞུང་གིས་བལ་ཡུལ་སོགས་ཀྱི་ནང་གནས་སྐོར་དུ་འགྲོ་འདོད་ཆེ་བའི་བོད་མི་མང་པོར་ཕྱི་སྐྱོད་ལག་འཁྱེར་མ་སྤྲད་པ་དང་། ཡང་སྤྲད་ནས་ཕྱིར་བསྡུས་པ། ཕྱིར་བསྡུས་མེད་ཀྱང་གཅོད་གཏུབ་བྱས་ཏེ་ནུས་མེད་བཟོས་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་མ་ཟད། ཐོངས་མཆན་མ་རྫོགས་སྔོན་ལ་འཕྲལ་དུ་དུས་བཅད་ནང་རང་ཁྱིམ་དུ་མ་འབྱོར་ཚེ། གཞུང་གི་ལས་བྱེད་ཡིན་ན་ལས་གནས་ནས་གནས དབྱུང་དང་། བུ་ཕྲུག་སློབ་གྲྭ་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱས་པར་བརྟེན། གནས་སྐོར་བ་བརྒྱ་ཕྲག་མང་པོ་ཛ་དྲག་ངང་ཕྱིར་ལོག་དགོས་བྱུང་ཡོད་པ་དང་། དུས་བཅད་ནང་མ་བསླེབ་པ་ཚོར་ཉེས་ཆད་ཉེན་བརྡ་བཏང་བ་སོགས་ཀྱི་དཀའ་ངལ་མང་པོ་བཟོས་ཡོད་པ་རེད།

གནས་མཆོག་རྡོ་རྗེ་གདན་ནས་ཀླུ་མགོན་ཐར་གྱིས་སྤེལ།

བསྐྱར་བཅོས།: ༢༠༡༩/༠༡/༠༥

Leave a Reply

One thought on “གནས་སྐོར་བ་འཕྲལ་དུ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཆོས་མེད་ཀླ་ཀློའི་ཆབ་སྲིད་ཟློས་གར་ཁྲབ།
    འཛམ་གླིང་མི་མང་གཉིད་ཀྱི་མུན་པར་འཐིམ།
    ནང་པའི་བསྟན་ལ་འཇུག་པའི་ནང་པ་ཚོ།
    བྱམས་དང་བཟོད་པས་དགྲ་བོ་གཉེན་ལ་བཀུག།