ཧོང་ཀོང་ཞི་རྒོལ་ཁྲོད་བོད་རང་བཙན་ལ་རྒྱབ་སྐྱོར་གྱི་འབོད་ཚིག་བསྒྲགས།

ཕྱི་ལོ་གསར་ཚེས་དང་བསྟུན་ཧོང་ཀོང་གི་སློབ་ཕྲུག་གཙོ་བོར་གྱུར་བའི་མི་མང་སྟོང་ཕྲག་མང་པོས་དམངས་གཙོ་དང་རང་བཙན་གྱི་འབོད་སྒྲ་བསྒྲགས་ཏེ་རྒྱ་ནག་གཞུང་གི་དམ་དྲག་སྟངས་འཛིན་ལ་ངོ་རྒོལ་བྱས་འདུགརྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ལོ་གསར་ཚེས་དང་སྟབས་བསྟུན་ཧོང་ཀོང་གི་སྤྱི་མང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་(The Civil Human Rights Front) གོ་སྒྲིག་འོག ཧོང་ཀོང་ནང་མི་གྲངས་ ༥༥༠༠ ལྷག་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་ནས་ཧོང་ཀོང་གི་དམངས་གཙོ་དང་། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་གཞི་རྩའི་གནས་བབ་ལ་རྡོག་རོལ་གཏོང་གི་ཡོད་སྟབས། ཧོང་ཀོང་ལ་དོན་དམ་གྱི་དམངས་གཙོ་དང་། རང་བཙན་དགོས་པའི་འབོད་ཚིག་བསྒྲགས་ནས་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། ཐེངས་འདིའི་ངོ་རྒོལ་ཁྲོད་བོད་དང་ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་གྱི་འབོད་ཚིག་ཀྱང་བསྒྲགས་ཡོད་འདུག་ལ། འདི་ལོའི་ངོ་རྒོལ་ཁྲོམ་སྐོར་ནང་ཧོང་ཀོང་གི་སློབ་ཕྲུག་ས་གནས་རང་དབང་ཚོགས་པ་(Student Localism) དང་། ཧོང་ཀོང་གི་རྒྱལ་ཡོངས་འཐབ་ཕྱོགས་ཚོགས་པ་(The Hong Kong National Front) སློབ་ཕྲུག་རང་བཙན་མཉམ་འབྲེལ་མཐུན་ཚོགས་(Students Independence Union) བཅས་དམངས་གཙོ་དོན་གཉེར་ཅན་གྱི་ཚོགས་པ་གསུམ་མཉམ་ཞུགས་བྱས་ཡོད་འདུག

འདི་ལོའི་ཕྱི་ལོ་གསར་ཚེས་ཀྱི་ཞི་བའི་ངོ་རྒོལ་ཁྲོད། རང་བཙན་དང་དམངས་གཙོ་སོགས་ཀྱི་འབོད་སྒྲ་ཙམ་མིན་པར། ཧོང་ཀོང་གི་ཁྲིམས་ཞིབ་དྲུང་ཆེ་ཊེ་རེ་ས་ཁྲིན་ཡུག་ཝ་(Teresa Cheng Yeuk-wah) ཡིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཡོད་པའི་སྤྱི་ཁྱབ་འགན་འཛིན་ཟུར་པ་ལུང་ཁྲུན་ཨིང་(Leung Chun-ying) ལ་ཁྲིམས་ཆད་མ་བཅད་པར་བརྟེན། དྲུང་ཆེའི་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། ཡང་ལས་འགུལ་བ་འགའ་ཤས་ཀྱིས་རྒྱལ་སྲུང་ཁྲིམས་འཆར་དང་རྒྱ་ནག་གི་རྒྱལ་གླུའི་སྐོར་གྱི་ཁྲིམས་འཆར་ཐོག་ལ་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག དེ་བཞིན་རེ་འགས་གཞུང་གིས་ལོན་ཊ་གླིང་ཕྲན་གྱི་ཟུར་དུ་གྲོང་འཁྱེར་གསར་པ་ཞིག་འཛུགས་བསྐྲུན་བྱེད་པའི་འཆར་གཞི་དེར་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་འདུག

ཧོང་ཀོང་གི་སློབ་ཕྲུག་རང་བཙན་མཉམ་འབྲེལ་མཐུན་ཚོགས་(The Students Independence Union) ཀྱི་མགོ་འཁྲིད་ཝེ་ནི་ཁྲན་(Wayne Chan) གྱིས་གཏམ་བཤད་སྤེལ་སྐབས། ང་ཚོ་ཧོང་ཀོང་ལ་བརྩེ་འདང་ཡོད་པས་དེ་རིང་འདིར་ཡོང་བ་ཡིན། ང་ཚོས་ཧོང་ཀོང་ནང་འགྱུར་བ་ཞིག་འགྲོ་ན་བསམ་གྱི་ཡོད། མི་རབས་རྗེས་མ་རྣམས་ཀྱིས་ཧོང་ཀོང་གི་ངོ་བོ་ལ་སྤོབས་པ་སྐྱེས་ན་བསམ་གྱི་ཡོད། ཅེས་བརྗོད་འདུག

ཨལ་ཇ་ཛི་རའི་ས་གནས་གསར་འགོད་པ་དྷི་བ་ཡ་གྷོ་པ་ལཱན་(Divya Gopalan) གྱིས་བརྗོད་པ་ལྟར་ན། ལོ་འཆར་ཅན་དུ་སྤེལ་བཞིན་པའི་ལས་འགུལ་འདིའི་ནང་ད་ལོར་མཉམ་ཞུགས་བྱེད་མཁན་གྱི་གྲངས་འབོར་དེ་བསམ་ཚོད་ལས་བརྒལ་བ་ཞིག་ཡིན་པ་དང་། ལས་འགུལ་བ་ཚོས་གལ་ཏེ་འབྱུང་འགྱུར་གྱི་ལོ་དེའི་ནང་སྨྲ་བརྗོད་རང་དབང་རྡོག་རོལ་གྱི་གནས་སྟངས་ཛ་དྲག་ཏུ་ཕྱིན་ཚེ། ང་ཚོས་རང་གི་འབོད་སྒྲ་དེ་གོ་རུ་འཇུག་འདོད་ཡོད། ཅེས་བརྗོད་ཡོད་འདུག

འདི་ལོ་ཡང་ཧོང་ཀོང་གཞུང་གིས་ལས་འགུལ་ཁྲོད་རང་བཙན་གྱི་འབོད་སྒྲ་དང་འཕྲེད་དར་འཕྱར་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དེའི་ཐད་སློབ་ཕྲུག་རང་བཙན་མཉམ་འབྲེལ་མཐུན་ཚོགས་ཀྱི་མགོ་འཁྲིད་ཝེ་ནི་ཁྲིན་གྱིས། ང་ཚོས་མུ་མཐུད་རང་བཙན་གྱི་འཕྲེད་དར་འཕྱར་ཏེ་འཛམ་གླིང་ཡོངས་ལ་ང་ཚོའི་རེ་འདུན་གང་ཡིན་པ་བཤད་ཐུབ་པ་བྱེད་ཀྱི་ཡིན། ང་ཚོས་གཞུང་གི་གཉའ་གནོན་ལ་མགོ་སྒུར་རྒྱུ་མིན། ཞེས་བརྗོད་ཡོད་པ་ལྟར། ཁ་སང་གི་ངོ་རྒོལ་ལས་འགུལ་ཁྲོད། རང་བཙན་དོན་གཉེར་བ་ ༣༠ ཙམ་གྱིས་ཆས་གོས་ནག་པོ་གྱོན་ཏེ་ཧོང་ཀོང་གི་རང་བཙན་ཞེས་པའི་འབོད་ཚིག་འོག་འཕྲེད་དར་བཟུང་ནས་སྐད་འབོད་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༠༢

Leave a Reply

One thought on “ཧོང་ཀོང་ཞི་རྒོལ་ཁྲོད་བོད་རང་བཙན་ལ་རྒྱབ་སྐྱོར་གྱི་འབོད་ཚིག་བསྒྲགས།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བོད་ཀྱི་གནད་དོན་དེ་ཧོང་ཀོང་དང་ཐེ་ཝན་མཉམ་ནམ་ཡང་སྦྱོར་མི་ཉན་
    ལ་ཧོང་ཀོང་ལ་དམངས་གཙོ་དགོས་ཟེར་བ་རེད་དམ་མང་གཙོ་དགོས་ཟེར་བ་རེད་
    གསལ་པོ་ཤེས་མ་སོང་མང་གཙོ་ནི་མི་མང་གི་དབང་བསྒྱུར་བའི་སྲིད་ཀྱི་
    ལམ་ལུགས་ངོ་ཚར་ཅན་ཞིག་ལ་མང་གཙོ་ཟེར་བ་དང་དམངས་གཙོ་ནི་གྲལ་རིམ་གྱི་
    གཞུང་སྲིང་སྐྱོང་བའི་ལམ་ལུགས་ཞིག་ལ་དམངས་གཙོ་ཟེར་བའི་ད་སྔོན་འཇུག་དང་
    ས་ཡང་འཇུག་ཡོད་པའི་གྲལ་རིམ་གྱི་ཐ་སྙད་དེ་ཡིན་ན་ཧོང་མི་མང་གི་མངོན་འདོད་
    དེ་གསལ་པོ་མཐོང་མ་ཐུབ་པ་ནི་མི་གྲངས་ལྔ་སྟོང་ལྷག་གི་སྐད་འབོད་རྒྱབ་པའི་དགོས་
    མདུན་དེ་ཧོང་ཀོང་མི་མང་ངོ་ཚབ་མཚོན་ཐུབ་པའི་ཁྲིམས་ཡིག་གི་བདེན་རྟགས་དང་
    རྒྱབ་བསྟེན་ཇི་ཡོད་ཤེས་ཐུབ་མ་སོང།