ཕྱི་ལོ་ ༢༠༡༨ ལོའི་བཙན་བྱོལ་བོད་མིའི་གསར་འགྱུར་ཆེ་ཁག་བཅུ།

 རྒྱ་གར་གྱི་མཐོ་རིམ་གཟེངས་རྟགས་ཕུལ།

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༦ ཉིན་གྱི་རྒྱ་གར་དམངས་གཙོའི་དུས་ཆེན་དང་སྟབས་བསྟུན།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བླ་སྨན་ཟུར་པ་ཨམ་རྗེ་ཡེ་ཤེས་དོན་ལྡན་ལགས་སུ་རྒྱ་གར་གཞུང་གིས་པདྨ་ཤྲིའི་ཆེ་བསྟོད་གཟེངས་རྟགས་གནང་ཡོད་པ་དང་། པདྨ་ཤྲི་གཟེངས་རྟགས་ནི་རྒྱ་གར་གཞུང་གི་མི་མང་གཟེངས་སྟགས་མཐོ་ཤོས་བཞི་པ་དེ་ཡིན་ཞིང་། གཟེངས་རྟགས་དེ་བོད་མི་ཞིག་ལ་གནང་བ་ཐེངས་དང་པོ་ཆགས་ཡོད་འདུག་ལ། ཁོང་གིས་ནད་མནར་བྱུང་བའི་རྒྱ་གར་བ་གྲངས་ལས་འདས་པར་སྨན་བཅོས་གནང་བར་ཆེད་བསྟོད་དུ་གནང་བ་ཞིག་ཡིན་འདུག  གཞན་ཡང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་སྟབས་བསྟུན་རྒྱ་གར་གཞུང་གི་བྱིས་པ་དང་བུད་མེད་ཡར་རྒྱས་ལྷན་ཁང་གིས། ༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བུད་མེད་ཀྱི་གཟེངས་རྟགས་མཐོ་ཤོས་( Nari Shakti Puraskar)ཞེས་པ་ཕུལ་ཡོད་པ་དང་། སྐུའི་གཅུང་མོ་མཆོག་ནས་ད་བར་ཕྲུ་གུ་སྟོང་ཕྲག་མང་པོའི་ཤེས་ཡོན་སློབ་སྦྱོང་ཆེད་སྐུ་ལས་བསྐྱོན་པ་དེར་ཆེད་བསྟོད་དུ་ཕུལ་བ་ཞིག་ཡིན་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་ ༩  ཚེས་ ༡༤ ཉིན་ཡུ་རོབ་བོད་སློབ་ཁག་ཐུན་མོང་གི་གོ་སྒྲོག་འོག ༧ སྐུ་གཅུང་མོ་བཀའ་ཟུར་རྗེ་བཙན་པདྨ་མཆོག་ལ་༼ ཤེས་རིག་སྒྲོན་མེའི་གཟེངས་རྟགས༽ཞེས་པའང་ཕུལ་ཡོད་པ་རེད།

  ཤེས་རིག་བཀའ་བློན་བདམས།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ནས་ཉིན་གྲངས་བཅུ་རིང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པ་ཚོགས་ཏེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༨ དང་༢༠༡༩ ལོའི་འགྲོ་འཆར་ཁྱོན་ཧིན་སྒོར་ས་ཡ་ཉིས་སྟོང་དྲུག་བརྒྱ་ལྷག་(༢,༦༥༢,༥༥༥,༧༨༡) གཏན་འབེབ་བཀའ་འཁྲོལ་ཐོབ། ཚོགས་དུས་དེའི་ལས་ཉིན་ ༧ པའི་སྟེང་།  སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་གྱི་འོས་མིར་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་མཚན་འདོན་གནང་བ་ལྟར། ངོ་བཅར་སྤྱི་འཐུས་ ༤༤ ནས་འོས་བླུགས་ཏེ་རྒྱབ་སྐྱོར་མེད་མཁན་སྤྱི་འཐུས་ ༡༥ དང་། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༢༦ བྱུང་སྟེ། འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ཤེས་རིག་བཀའ་བློན་དུ་མང་མོས་འོས་འདེམས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས ༣ ཉིན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ནས་ལས་འཁུར་དམ་བཅའ་ཕུལ་ཏེ་ཕྱག་ལས་དངོས་སུ་དབུ་འཛུགས་གནང་།

ཐུགས་རྗེ་ཆེ་ཞུའི་ལས་འགུལ། 

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མི་རྣམས་བཙན་བྱོལ་དུ་བསླེབས་ནས་ལོ་ངོ་ ༦༠ འཁོར་གྱི་ཡོད་པ་དང་བསྟུན།  བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་ནི་ཐུགས་རྗེ་ཆེ་ཞུའི་ལོ་ཞིག་ཏུ་སྲུང་གཙི་གནང་གཏན་འཁེལ་བ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་རིག་གཞུང་བློན་ཆེན་མྰ་ཧེ་ཤི་ཤར་མྰ་ (Mahesh Sharma)མཆོག་དང་། དམིགས་བསལ་སྐུ་མགྲོན་པི་ཇི་ཕི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རམ་མཱ་དྷེབ་ (Ram Madhav)མཆོག་སོགས་ཕེབས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཟབ་རྒྱས་ཚོགས་ཡོད་པ་རེད། དེ་བཞིན་འཛིན་སྐྱོང་བཀའ་ཤག་ནས་བཀའ་ཁྱབ་གནང་བ་ལྟར། འདས་པའི་ལོ་གཅིག་ནང་རྒྱ་གར་རྒྱལ་ཡོངས་ནང་གཙོ་བོར་གྱུར་བའི་བཙན་བྱོལ་བོད་མི་གནས་སྡོད་བྱས་ཡོད་པའི་རྒྱལ་ཁབ་མི་འདྲ་བ་ ༡༢ ཡས་མས་ནང་དོན་གཅོད་ཁག་དང་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག གནས་ཡུལ་རྒྱལ་ཁབ་སོ་སོའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་དང་བྱ་འགུལ་རིགས་སྣ་མང་སྤེལ་ཡོད་པ་རེད།

    ལྔ་དང་ལྔ་བཅུའི་ཚོགས་འདུ།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས ༡༧ ཉིན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་ཨིམ་པི་རི་ཡལ་ཧ་ཡི་ཊི་(Imperial Heights Resorts)གསོལ་མགྲོན་ཁང་དུ། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཉིན་གྲངས་ ༣ རིང་ཚོགས་ཡོད་པ་དང་། ཚོགས་འདུ་དེའི་ཐོག་རྒྱ་བལ་འབྲུག་གསུམ་གཙོའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་རིགས་གཞོན་སྐྱེས་ ༡༠༠ ཙམ་མཉམ་ཞུགས་བྱས། དེ་བཞིན་འདི་ལོའི་ཕྱི་ཟླ་༩ ཚེས་ ༡༣ ཉིན་ནས་བཟུང་ཉིན་ ༣ རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གོ་སྒྲིག་འོག ལྔ་དང་ལྔ་བཅུའི་འཆར་སྣང་གི་སྤྱི་ཚོགས་སྲ་བརྟན་གྱི་ཚོགས་འདུ་བསྡུས་པའི་ཐོག ཨ་རི་ཐེབས་རྩའི་ཨེ་ཤ་ཡ་ཁུལ་གྱི་འཛིན་སྐྱོང་འགན་འཛིན་ལས་རོགས་ལྕམ་སྐུ་ཨེན་མཱ་རཱེ་མཱརེ་ཡ་སི་ཊེ་ཤེག (Ann Marie Yastishock)ལགས་ཀྱི་གཙོས་ཆེད་མཁས་པ་དང་རོགས་ཚོགས་ཀྱི་སྐུ་ཚབ་གནད་ཡོད། སྤྱི་ཚོགས་འཐུས་མི་སོགས་མི་གྲངས་ ༢༠༠ ལྷག་འཛོམས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། སྤྱི་ཚོགས་ཀྱི་འཚོ་རྟེན་དང་ཤེས་ཡོན། འཕྲོད་བསྟེན་བཅས་ཡར་རྒྱས་གོང་འཕེལ་གཏོང་ཐབས་ཐད་འཆར་གཞི་གསར་པ་དང་ནུས་པ་མཉམ་སྤུངས་ཀྱི་ཐབས་ལམ་འཚོལ་ཐབས་སྐོར་ལ་བགྲོ་གླེང་བྱས་ཏེ་བསམ་ཚུལ་བསྡུ་ལེན་གནང་ཡོད་པ་རེད།

    སྨན་རིའི་ཁྲི་འཛིན་མངའ་གསོལ་མཛད།

ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༧ ཉིན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་གྱི་དགྱེས་སྟོན་མཛད་ཡོད་པ་དང་། དེ་བཞིན་དགྱེས་སྟོན་གྱི་སྔ་རོལ་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣ པ་མཆོག་དགོངས་པ་བོན་དབྱིངས་སུ་འཐིམས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་ཆེན་མོ་ཉིན་གཉིས་རིང་ཚོགས་ཡོད་པ་མ་ཟད། ༧སྐྱབས་རྗེ་ཁྲི་འཛིན་ ༣༤ པ་མཆོག་ནས་དཔོན་གསས་ཞིང་གཤེགས་མཆོག་ནས་བོན་བསྟན་སྤྱི་ལ་མཛད་རྗེས་བླ་མེད་ཆེ་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་ཚབ་གནང་སྟེ་༼གྱེར་བསྟན་མེ་རོ་སློང་བའི་སྙིགས་དུས་བོན་གྱི་གཉེར་དཔོན་ཆེན་མོའི་༽གཟེངས་བསྟོད་ཅིག་ཕུལ་ཡོད་པ་དང་། གཞན་ཡང་། ༼མཛད་བརྙན་མཐོང་གྲོལ་ཀུན་འདུས་༽དང་། ༼ཡབ་ཆེན་དཔོན་གསས་དྲན་པའི་འཕར་ཆེན་གྱི་རང་སྒྲ་༽ཞེས་པའི་སྙན་དེབ་གཉིས་དབུ་འབྱེད་དང་། ༧སྐྱབས་རྗེ་ཞིང་གཤེགས་མཆོག་གི་གཟིམ་ཆུང་དུ་གསར་བཞེངས་ལེགས་གྲུབ་བྱུང་བའི་སྐུ་བརྙན་༼དཔོན་གསས་ང་འདྲ་མ་༽དང་། གསེར་གདུང་༼བྱིན་རླབས་གཏེར་ཆེན་མ་༽གཉིས་དད་ལྡན་སེར་སྐྱ་མི་མང་ལ་སྤྱན་བསྟར་མཇལ་ཁ་བཅས་གནང་ཡོད་པ་རེད།

  འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས།

ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ནས་ཉིན་བཅུའི་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པ་ཚོགས་ཡོད་པ་དང་། ཚོགས་དུས་དེའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་ཅིག་ལ་བསྐྱར་བཅོས་གནང་ཡོད་པའི་ཁྲོད། འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་པའི་ནང་གསེས་ ༧ པ་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་བརྒྱུད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་དང་།  སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་རྒྱབ་གཉེར་གསལ་བསྒྲགས་རིགས་བྱེད་མི་ཆོག་པ་བཟོས་ཡོད་པ་དང་། ཡང་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ པའི་ནང་གསེས་ ༤ པར་བསྐྱར་བཅོས་གནང་སྟེ། སྲིད་སྐྱོང་འོས་གཞི་གཅིག་ལས་མེད་ཚེ་སྔོན་འགྲོའི་འོས་བསྡུའི་སྐབས་འོས་གྲངས་བརྒྱ་ཆ་ ༥༡ ཡན་ཐོབ་པ་ཡིན་ན་ཁ་གཏད་མེད་པའི་སྲིད་སྐྱོང་ལ་འདེམས་ཆོག་པ་དང་། ཡང་སྔོན་འགྲོའི་འོས་བསྡུའི་སྐབས་འོས་མི་གཅིག་ལ་འོས་ཤོག་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་ཚེ། དངོས་གཞིའི་འོས་བསྡུ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བ་གསལ་བསྒྲགས་གནང་རྒྱུ་གཏན་འབེབ་བྱུང་། དེ་བཞིན་བཀའ་ཤག་ནས་འོས་བསྡུ་ཐེངས་གཅིག་གིས་འཐུས་པའི་ཁྲིམས་འཆར་གསར་པ་ཞིག་བཏོན་པ་དེར་བཀའ་སྤྱི་གཉིས་ནས་བགྲོ་གླེང་དང་ལན་འདེབས་གསལ་བཤད་མང་པོ་གནང་རྗེས་རྒྱབ་སྐྱོར་ཐོབ་མེད་པ་རེད།

  ཁ་མཆུ་ཨང་ ༢༠ པ།

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ ཉིན་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ། བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་སྐབས་ཁོང་ལ་མ་ཉེས་ཁག་གཡོགས་བྱས་ཡོད་སྐོར་ཁྲིམས་གཏུག་བརྒྱབས་ཡོད་པ་དང་། ཁྲིམས་ཞིབ་ཁང་ནས་ཞུ་སྦྱོར་ངོས་བཞེས་གནང་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་ཁྲིམས་ཞིབ་ཁང་གིས་གནང་བའི་ཞུ་ལན་ལ་སྣོན་འཕྲི་དགོས་པའི་བརྡ་ཐོ་ཞིག་སྤྱི་ཚོགས་བརྒྱུད་ལམ་དུ་གྱར་བའི་ནང་། ངེས་པར་དུ་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༢༩(ང)དང་(ཅ) གཞིར་བཟུང་ཞུ་རྩའི་དོན་ཚན་རེ་རེ་བཞིན་གོ་རིམ་མ་འཁྲུག་བར་ཐད་ཀ་ཐད་ཀར་ལེན་འདེབས་གསལ་པོ་བྱེད་དགོས་པ་དང་། ༧གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་དབང་བཅས་མཉམ་བསྲེ་བྱེད་མི་རུང་བ་སོགས་ཀྱི་ལམ་སྟོན་དང་སྦྲགས། རྩོད་ལན་པ་མོས་མཐུན་ཡོད་ཁག་ཞུ་ལན་བསྒྱུར་བཅོས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༥ ཉིན་འགྱངས་མེད་ཕྱིར་འབུལ་དགོས་པའི་བཀའ་གནང་།

   ཀརྨ་པ་རྣམ་གཉིས་ཀྱི་མཇལ་འཕྲད།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ པའི་ཚེས་ ༡༡ ཉིན། དཔལ་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དང་༧རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་ཧྥ་རན་སིའི་དབེན་པའི་གྲོང་གསེབ་ཞིག་ཏུ་མཇལ་འཕྲད་གནང་ཡོད་པ་དང་། ཕྱིས་སུ་ཀརྨ་པ་རྣམ་གཉིས་ནས་མཚན་རྟགས་བཀོད་པའི་མཇལ་འཕྲད་སྐོར་གྱི་ཕྱག་ཡིག་ཅིག་ཡོངས་བསྒྲགས་གནང་བའི་ནང་། ཐེངས་འདིའི་མཇལ་འཕྲད་དེ་གཙོ་བོ་སྐུ་སྒེར་ཕན་ཚུན་བར་ངོ་ཤེས་རྒྱུས་ལོན་ཐབས་དང་མ་འོངས་པར་ཕན་ཚུན་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ཆེད་དང་། ཀཾ་ཚང་ནང་ཁུལ་དུམ་བུ་གཉིས་སུ་གྱེས་པའི་ཡིད་སྐྱོའི་གནས་ཚུལ་རྣམས་ཇི་ལྟར་སེལ་ཐབས་ཀྱི་སྐོར་ལ་བཀའ་མོལ་ལྷུག་པོ་བྱུང་ཡོད་སྐོར་གསུངས།

   ཚོགས་གཙོ་གསར་པའི་ལས་འཁུར།  

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་ཚོགས་གཙོའི་ལས་ཡུན་ལོ་གཉིས་དང་ཕྱེད་ཀ་ཚང་སྟེ། སྤྱི་འཐུས་ཚོགས་གཙོ་གསར་པ་པདྨ་འབྱུང་གནས་མཆོག་ནས་དམ་བཅའ་ཕུལ་ཏེ་ལས་འཁུར་དབུ་འཛུགས་གནང་ཡོད་པ་དང་། ཚོགས་གཙོ་མཆོག་གིས་ལས་ཡུན་ལོ་གཉིས་དང་ཕྱེད་ཀའི་རིང་རྒྱ་གར་གྱི་གྲོས་ཚོགས་དང་མངའ་སྡེའི་གྲོས་ཚོགས་གང་མང་མང་ལ་འབྲེལ་བ་འཛུགས་ཐུབ་པའི་འབད་བརྩོན་གནང་རྒྱུ་དང་། དེ་བཞིན་ང་ཚོ་བོད་རྒྱ་ཆེའི་མི་མང་གིས་འདེམས་བཞག་པའི་འོས་མི་ཡིན་དུས་རྒྱ་ཆེའི་མི་མང་བློ་ཕམ་མི་བཅུག་པ་དེ་གལ་ཆེན་པོ་ཡིན་དུས། མ་འོངས་པར་དེ་དག་གི་སྒང་ལ་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས།

  འདྲ་མཉམ་གྱི་ཁྲིམས་གཞིར་དགའ་བསུ།

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་སྔ་གཞུག་ཏུ་རྒྱབ་སྐྱོར་ཐོབ་པའི་བོད་ནང་འགྲོ་འོང་འདྲ་མཉམ་ཀྱི་ཁྲིམས་འཆར་དེར། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན།  ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབ་གནང་ཡོད་པར་བརྟེན། བཙན་བྱོལ་བོད་ཀྱི་གཞུང་མང་གཉིས་ནས་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཁྲིམས་ཀྱི་འབྲུ་དོན་ལྟར་ལག་བསྟར་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ལ། ཁྲིམས་གཞི་དེའི་ནང་གཙོ་བོ་རྒྱ་ནག་གི་ཆེད་མཁས་པ་དང་སློབ་མ། གསར་འགོད་པ་སོགས་ལ་ཨ་རིའི་ནང་དུ་འགྲོ་སྐྱོད་རང་དབང་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བར་བཀག་སྡོམ་ཤུགས་ཆེན་བྱེད་ཀྱི་ཡོད་པ་འདྲ་མཉམ་བཟོ་དགོས་པ་གསལ་ཡོད་འདུག ཁྲིམས་གཞི་དེ་གཏན་འབེབ་བྱུང་མ་ཐག་རྒྱ་ནག་གཞུང་གིས་དེ་ནི་ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཞིག་དང་། བོད་རང་བཙན་ལ་ནོར་འཁྲུལ་ཅན་གྱི་བརྡ་ལན་སྤྲད་པ་ཞིག་ཡིན་སྐོར་སོགས་བརྗོད་དེ་ངོས་ལེན་རྩ་བ་ནས་མེད་སྐོར་རྒོལ་གཏམ་སྤེལ།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༠༤

Leave a Reply