ཨ་རིའི་གཞུང་གི་ལས་ཁུངས་ཁག་མུ་མཐུད་སྒོ་བརྒྱབས་འདུག

ཨ་རིའི་གཞུང་གི་ལས་ཁུངས་ཁག་ཅིག་སྒོ་བརྒྱབས་ནས་ཉིན་གྲངས་ ༡༣ འགྲོ་བཞིན་ཡོད་པ་དེའི་ཐད་སྲིད་འཛིན་ཊོམ་ཕུ་ལགས་དང་གྲོས་ཚོགས་གོང་འོག་གི་དམངས་གཙོ་ཚོགས་པའི་འཐུས་མིའི་བར་ནང་མོལ་བྱས་ཡོད་ཀྱང་འགྲིག་མཐུན་བྱུང་མི་འདུགཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཊོམ་ཕུ་ལགས་དང་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ལྷན་འཛོམས་ཐོག ཕྱི་ལོ་ ༢༠༡༨ ཟླ ༡༢ ཚེས་ ༢༢ ནས་མགོ་འཛུགས་ཀྱིས་ཨ་རིའི་གཞུང་གི་ལས་ཁུངས་གསུམ་ཆ་གཅིག་ཙམ་གནས་སྐབས་སྒོ་བརྒྱབས་ཡོད་པའི་གནད་དོན་སེལ་ཐབས་ཀྱི་ནང་མོལ་གནང་ཡོད་ཀྱང་། ཕྱོགས་གཉིས་བར་སྔར་བཞིན་འགྲིག་མཐུན་མ་བྱུང་པར་བརྟེན་མུ་མཐུད་ལས་ཁུངས་རྣམས་སྒོ་བརྒྱབས་ནས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༤ ཉིན་བསྐྱར་དུ་ནང་མོལ་གནང་འཆར་ཡོད་འདུག

ནང་མོལ་བྱུང་རྗེས་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་སྒེར་གྱི་ཊུ་ཊར་དུ། ངས་མུ་མཐུད་དམངས་གཙོ་ཚོགས་པ་དང་ལྷན་དུ་མཉམ་ལས་བྱེད་འདོད་ཡོད། ཅེས་བརྗོད་ཡོད་པ་དང་། ཡང་ཁོང་གིས་གསར་འགོད་པར། གཞུང་གི་ལས་ཁུངས་རྣམས་སྒོ་བརྒྱབས་ནས་རྒྱུན་རིང་པོ་ལྷག་སྲིད་པ་དང་། མེག་སི་ཁོའི་གྱང་ར་དེ་གཡོལ་ཐབས་མེད་པའི་གནད་དོན་གལ་ཆེན་ཞིག་ཡིན་སྟབས། ཨ་རིའི་མི་མང་གིས་ཁོང་གི་བྱེད་སྟངས་དེ་འགྲིག་བསྡད་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་འདུག

ནང་མོལ་རྗེས་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་ཅག་སུ་ཁུ་མར་(Chuck Schumer) ལགས་ཀྱིས། ངས་སྲིད་འཛིན་མཆོག་ལ་ཁྱེད་ཀྱིས་མུ་མཐུད་གཞུང་གི་ལས་ཁུངས་རྣམས་སྒོ་རྒྱག་དགོས་དོན་གང་ཡིན་ཞེས་འདྲི་དུས། ཁོང་ལ་ལན་འཚམ་པོ་ཞིག་འདེབས་རྒྱུ་མི་འདུག ཅེས་གསུངས་འདུག

གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་མགོ་འཁྲིད་ཀེ་ཝིན་མེག་ཁར་ཐི་(Kevin McCarthy) ལགས་ཀྱིས་གསར་འགོད་པར། ང་ཚོས་རྒྱལ་མཚམས་སུ་གནད་དོན་གང་ཡོད་པ་ཤེས་ཀྱི་ཡོད་ལ། གནད་དོན་དེ་དག་སེལ་ཐབས་བྱེད་འདོད་ཀྱང་ཡོད། ང་ཚོས་གཞུང་གི་ལས་ཁུངས་རྣམས་སྒོ་འབྱེད་ཐབས་བྱེད་བཞིན་པ་དང་། གང་ལྟར་མཐའ་མཇུག་དེར་སྲིད་འཛིན་མཆོག་དང་ལྷན་དུ་གོ་བསྡུར་བྱས་ཏེ་གནད་དོན་འདི་ཐག་གཅོད་བྱེད་དགོས་པ་རེད། ཅེས་བརྗོད་ཡོད་འདུག

དམངས་གཙོ་ཚོགས་པས་དེ་སྔོན་གཞུང་གི་ལས་ཁུངས་རྣམས་སྒོ་འབྱེད་ཆེད་ཊོམ་ཕུ་སྲིད་གཞུང་ལ་ནང་སྲིད་ལྷན་ཁང་གི་རྒྱུན་གྲོན་དང་རྒྱལ་སྲུང་ཐད་ཀྱི་མ་དངུལ་འཆར་གཞི་ཞིག་བཏོན་པའི་ནང་། ཨ་རིའི་བདེ་སྲུང་ལྷན་ཁང་ལ་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༨ བར་རྒྱུན་གྲོན་སོར་འཇོག་ཐོག རྒྱལ་མཚམས་ར་བའི་ཆེད་ཨ་སྒོར་དུང་ཕྱུར་ ༡།༣ དང་། རྒྱལ་མཚམས་བདེ་སྲུང་གི་གསང་བའི་བརྙན་ཆས་སོགས་འཕྲུལ་ཆས་རིགས་ལ་ཨ་སྒོར་ས་ཡ་ ༣༠༠ གནང་རྒྱུ་བྱས་ཡོད་ཀྱང་། དངུལ་འབོར་དེའི་ནང་སྲིད་འཛིན་ཊོམ་ཕུ་ཡི་མེག་སི་ཀོའི་གྱང་རའི་མ་དངུལ་ཨ་སྒོར་དུང་ཕྱུར་ ༥ དེ་ཚུད་མེད་པར་བརྟེན། ཊོམ་ཕུ་གཞུང་གིས་མ་དངུལ་འགྲོ་གྲོན་དེ་བསྐྱར་དུ་རྩིས་མེད་བཏང་ཡོད་པ་མ་ཟད། ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ལྕམ་ས་ར་སེན་ཌར་སི་(Sarah Sanders) ཡིས། མ་དངུལ་འགྲོ་གྲོན་དེས་ང་ཚོའི་བདེ་སྲུང་ལ་ཐུགས་ཕན་གསོ་ཐུབ་ཀྱི་མེད་ལ། ཨ་རིའི་ཁྱིམ་ཚང་རྣམས་བུད་མེད་དང་སྨྱོ་རྫས་ནག་ཚོང་སོགས་ཀྱི་ཉེས་དོན་རིགས་ལས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད། ཅེས་དང་། ཨ་རིའི་མི་མང་རྣམས་སྲུང་སྐྱོབ་བྱེད་ཐུབ་པ་དང་། གཞུང་གི་ལས་ཁུངས་རྣམས་ཀྱང་སྒོ་འབྱེད་ཐུབ་པའི་གྲོས་གཞི་ཞིག་བཏོན་པ་ཡིན་ན་སྲིད་འཛིན་མཆོག་ནས་མོས་མཐུན་གནང་གི་རེད། ཅེས་བརྗོད་འདུག

ཐེངས་འདིར་ཨ་རིའི་ལས་ཁུངས་གསུམ་ཆ་གཅིག་ཙམ་སྒོ་བརྒྱབས་པའི་རྐྱེན་གྱིས། བདེ་སྲུང་དང་། ཁྲིམས་ཞིབ། ས་ཁང་། ཞིང་ལས། ཚོང་དོན། ནང་སྲིད། ནོར་དོན་བཅས་གཞུང་གི་ལྷན་ཁང་ཆེ་ཁག་ ༩ ལ་དོ་ཕོག་ཤུགས་ཆེན་པོ་ཐེབས་ཡོད་པར་བརྟེན། ཁྱོན་གཞུང་གི་ལས་བྱེད་འབུམ་ ༨ ལྷག་གིས་གླ་མེད་ཞབས་ཞུ་དང་། ཡང་ན་གླ་མེད་གུང་གསེང་ཞུས་ཡོད་ཀྱང་། ལས་བྱེད་ཕལ་ཆེ་བས་གཞུང་གི་ལས་ཁུངས་སྒོ་འབྱེད་བྱས་ཚེ་ཁོ་ཚོར་གླ་ཕོགས་གུན་གསབ་རག་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག

གཞུང་གི་ལས་ཁུངས་མང་པོ་སྒོ་བརྒྱབས་ཏེ་ཉིན་གྲངས་ ༡༣ འགྲོ་བཞིན་ཡོད་པ་དང་། གཞུང་ཞབས་མི་ཉུང་བ་ཞིག་ལ་ཕྲུ་གུའི་སློབ་ཡོན་དང་གློག་རིན་སོགས་སྤྲོད་པར་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ ཉིན་ལས་བྱེད་འབུམ་ ༤ ཙམ་གྱིས་གྲུབ་པའི་ལས་བྱེད་མཉམ་འབྲེལ་ཚོགས་པ་ཞིག་གིས་ཊོམ་ཕུ་གཞུང་གིས་དྲང་བདེན་ངལ་རྩོལ་བཅའ་ཁྲིམས་(Fair Labour Standard Act) ལ་རྡོག་རོལ་གཏོང་བཞིན་ཡོད་སྐོར་ཞུ་གཏུག་བྱས་ཡོད་འདུག

ད་ལན་གནས་སྐབས་རིང་གཞུང་སྒོ་བརྒྱབས་པ་དང་གཞུང་ཞབས་མང་པོ་ལས་མེད་ཆགས་ཡོད་པ་དང་སྟབས་བསྟུན། རྒྱལ་ས་ཝ་ཤིན་ཊོན་གྱི་ཚོང་ཁང་དང་ཟ་ཁང་ཆང་ཁང་མི་ཉུང་བ་ཞིག་གིས་གཞུང་གི་ལས་བྱེད་ཚོའི་གནས་བབ་ལ་བསམ་ཤེས་བྱས་ཏེ། བཟའ་བཏུང་སོགས་ཀྱི་རིན་གོང་ཆག་ཡང་བཏང་ཡོད་འདུག ཨ་རིའི་མ་བྱན་གྲགས་ཆེན་ཇོ་སི་ཨན་ཌི་རི་སི་(Jose Andres) ཡིས་གཞུང་གི་སྒོ་མ་ཕྱེས་བར་དུ་ཝ་ཤིན་ཊོན་དུ་ཡོད་པའི་ཁོའི་ཟ་ཁང་ཁག་གི་ནང་ལས་བྱེད་རྣམས་ལ་བག་ལེབ་(Sandwich) རིན་མེད་སྤྲོད་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༠༣

Leave a Reply