ལྕམ་ནེན་སི་པེ་ལོ་སི་ཚོགས་གཙོར་བསྐྱར་འདེམས་བྱུང་བར་འཚམས་འདྲི་མཛད།

བོད་དོན་རྒྱབ་སྐྱོར་བ་ལྕམ་ནེན་སི་པེ་ལོ་སི་ལགས་སྐབས་ ༡༡༦ པའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་བསྩལ།ཟླ་འདིའི་ཕྱི་ཚེས་ ༣ ཉིན་སྐབས་ ༡༡༦ པའི་ཨ་རིའི་གྲོས་ཚོགས་འོག་མའི་དབུ་འཁྲིད་འོས་འདེམས་ཁྲོད། དམངས་གཙོ་ཚོགས་པའི་དབུ་འཁྲིད་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་ནེན་སི་པེ་ལོ་སི་ལགས་ལ་འོས་ཤོག་ ༢༢༠ ཐོབ་སྟེ། བསྐྱར་དུ་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་འཛམ་གླིང་གི་དབུ་འཁྲིད་ཁག་ཅིག་ནས་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་ཡོད་འདུག

དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། ཨ་རི་དེ་རང་དབང་ལྡན་པའི་འཛམ་གླིང་གི་སྣེ་འཁྲིད་རྒྱལ་ཁབ་ཅིག་ཡིན་པ་དང་། ལྕམ་ནེན་སི་པེ་ལོ་སི་ལགས་ཀྱིས་ཚོགས་གཙོའི་ལས་འགན་ཐོག་ནས་གཉེན་འཕྲང་ཅན་གྱི་དུས་སྐབས་འདིར་སྣེ་འཁྲིད་རྒྱུར་ཡིད་ཆེས་དང་གདེང་སྤོབས་ཡོད་སྐོར་དང་། ཁོང་མོས་འདས་པའི་ལོ་ངོ་དུ་མའི་རིང་ཞལ་ཞེ་གཉིས་མེད་ཀྱི་ཐོག་ནས་བོད་དོན་ཆེད་སྐུ་ངལ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ལྕམ་ནེན་སི་པེ་ལོ་སི་ལགས་ཀྱིས་བོད་ཀྱི་གཉེན་འཕྲང་གི་དུས་སུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བ་དེས། བོད་མི་རྣམས་ལ་དྲང་བདེན་དང་རང་དབང་འཐབ་རྩོད་ཀྱི་ཕྱོགས་ལ་རེ་བ་དང་། སེམས་འགུལ། སྙིང་སྟོབས་བྱིན་གནང་ཡོད་པ་དང་། བོད་ནང་གི་བོད་མི་རྣམས་མུ་མཐུད་དཀའ་སྡུག་གི་བརྒྱུད་རིམ་ནང་ལྷུང་བཞིན་ཡོད་པ་ལྟར། འཛམ་གླིང་གི་ཡུལ་གྲུ་གང་ས་ལའང་ངེས་གཏན་མེད་པ་དང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་གནས་ཚུལ་མི་ཉུང་བ་ཞིག་ལ་འཕྲད་བཞིན་ཡོད་ཀྱང་། མཐའ་མཇུག་ཏུ་འཛམ་གླིང་འདིར་བདེན་པ་དང་། དྲང་བདེན། མིའི་རིགས་ཀྱི་ཡང་དག་པའི་ལྟ་བ། བཟང་སྤྱོད་རྣམས་ཁྱབ་ངེས་པའི་ཡིད་ཆེས་མཛད་ཀྱི་ཡོད་སྐོར་གསུངས་འདུག

ཚོགས་གཙོའི་དམ་འབུལ་ཐོག་ལྕམ་ནེན་སི་པེ་ལོ་སི་ལགས་ཀྱིས། འདི་ལོ་བུད་མེད་ལ་འོས་འདེམས་ཐོང་ཐང་རག་ནས་ལོ་ངོ་ཧྲིལ་པོ་ ༡༠༠ འཁོར་བའི་དུས་འདིར། ང་རང་གྲོས་ཚོགས་འདིའི་བུད་མེད་ཚོགས་གཙོར་འགྱུར་བར་སྤོབས་པ་ལྷག་པར་སྐྱེས་བྱུང་། ཞེས་གསུངས་ཡོད་པ་དང་། སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་ཀྱང་ལྕམ་ནེན་སི་པེ་ལོ་སི་ལགས་ཚོགས་གཙོར་བདམས་པ་དེ་ནི་ཁོང་མོའི་བྱས་རྗེས་ཆེན་པོ་ཞིག་ཡིན། ཞེས་དང་། ངའི་རེ་བ་ལ་ང་ཚོས་འཛུགས་སྐྲུན་སོགས་ཀྱི་ཐད་ལ་མཉམ་ལས་བྱས་ཏེ་མཐའ་མཇུག་དེར་ལེགས་གྲུབ་བྱུང་སྲིད་པ་རེད། ཅེས་གསུངས་འདུག

ཁ་སང་དམ་འབུལ་མཛད་སྒོ་གྲོལ་རྗེས། ལྕམ་ནེན་སི་པེ་ལོ་སི་ལགས་ཀྱི་དབུ་འཁྲིད་དེ་གྲོས་ཚོགས་འོག་མའི་ནང་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་གཞུང་གི་ལས་ཁུངས་རྣམས་སྒོ་འབྱེད་དགོས་པའི་གྲོས་འཆར་ཞིག་གཏན་འབེབ་གནང་སྟེ་གྲོས་ཚོགས་གོང་མར་ཕུལ་ཡོད་པ་དང་འབྲེལ། ལྕམ་སྐུ་ལགས་ནས་གཞུང་གི་ལས་ཁུངས་རྣམས་སྒོ་འབྱེད་རྒྱུ་ཡིན་ཡང་། སྲིད་འཛིན་ཊོམ་ཕུ་ལགས་ཀྱི་གྱང་རའི་མ་དངུལ་དེ་སྤྲོད་རྒྱུ་མིན། ཞེས་གསུངས་འདུག

ལྕམ་ནེན་སི་པེ་ལོ་སི་ལགས་ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་གཞོན་པར་འོས་འདེམས་བྱུང་བ་མ་ཟད། ཕྱི་ལོ་ ༢༠༠༧ ལོར་དམངས་གཙོ་ཚོགས་པས་གྲོས་ཚོགས་འོག་མ་སྟངས་འཛིན་བྱས་ཏེ་ལྕམ་ནེན་སི་པེ་ལོ་སི་ཨ་རིའི་གྲོས་ཚོགས་འོག་མའི་བུད་མེད་ཚོགས་གཙོ་དང་པོ་དེར་འོས་འདེམས་བྱུང་། ཡིན་ནའང་།  ཕྱི་ལོ་ ༢༠༡༡ ལོར་གྲོས་ཚོགས་འོག་མའི་ཞབས་བཀྱག་སྤྱི་མཐུན་ཚོགས་པར་ཤོར་བའི་རྐྱེན་གྱིས། ལྕམ་ནེན་སི་པེ་ལོ་སི་ལགས་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་འཁྲིད་དུ་འོས་འདེམས་བྱུང་། ལྕམ་ནེན་སི་པེ་ལོ་སི་ལགས་ནི་རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་དང་བཞེངས་ཕྱོགས་མཁྲེགས་པོ་འཛིན་མཁན་གྱི་ཨ་རིའི་ཆེས་མཐོའི་དབུ་འཁྲིད་ཅིག་ཡིན་པ་མ་ཟད། ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཚོགས་འཐུས་མི་རྙིང་ཤོས་ཤིག་ཆགས་འདུགཕྱི་ལོ་ ༡༩༨༧ ལོར་ལྕམ་སྐུ་ལགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཐོག་མ་ཞུས་ཡོད་པ་དང་། འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་ཨ་རིའི་གྲོས་ཚོགས་ནང་བོད་དོན་སྐོར་གྱི་ཁྲིམས་འཆར་གཏན་འབེབ་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༧ ལོར་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་རྒྱུའི་ཁྲིམས་འཆར་གཏན་འབེབ་སྐབས་ཚོགས་གཙོའི་ཐུགས་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་ཞི་རྒོལ་ཆེན་མོའི་རྗེས་ནུས་ཕྱོགས་རྒྱལ་ཁབ་ཀྱི་ཆེས་མཐོའི་མགོ་འཁྲིད་ཅིག་༧གོང་ས་མཆོག་ལ་ཐུགས་གསོའི་ཆེད་མཇལ་འཕྲད་ཞུ་བར་ཆེད་བཅར་གནང་ཡོད་པ་མ་ཟད། སྐབས་སྐབས་དེར་ལྕམ་ནེན་སི་པེ་ལོ་སི་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་སེམས་འཚབ་ཆེན་པོ་སྦྲགས། རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་འཁུར་གྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

ལྕམ་ནེན་སི་པེ་ལོ་སི་ལགས་ཀྱིས་དབུ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་གཟིགས་ཞིབ་ཏུ་ཕེབས་ཡོད་པ་དང་། སྐབས་དེར་ལྕམ་སྐུ་ལགས་ནས་ང་ཚོ་སྐུ་ཚབ་འཐུས་མི་བཞི་བོ་བོད་དུ་བསྐྱོད་སྐབས་ཕོ་བྲང་པོ་ཏཱ་ལའི་༧རྒྱལ་བའི་གཟིམ་ཆུང་ནང་ང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་སླར་ཡང་གཟིམ་ཆུང་དེར་གདན་འདྲེན་ཞུ་མ་ཐུབ་བར་དུ་རང་ནུས་གང་ཡོད་ཀྱིས་འབད་བརྩོན་ཞུ་རྒྱུའི་དམ་བཅའ་བཞག་པ་ཡིན་ཞེས་གསུངས་ཡོད།

ཡང་ཁོང་མོས། རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་ངོམས་ནས་བོད་དོན་རྒྱབ་སྐྱོར་བ་ཚོར་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད། གལ་ཏེ་ང་ཚོས་རྒྱ་ནག་གི་དཔལ་འབྱོར་གྱི་གནོན་ཤུགས་ལ་བརྟེན་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱེད་བཞིན་པ་དེར་ངོ་རྒོལ་མ་བྱས་ཚེ། ང་ཚོས་འཛམ་གླིང་ས་ཕྱོགས་གཞན་གང་དུའང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་ལ་སྐད་ཆ་ཤོད་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་དེ་རང་བཞིན་གྱིས་བརླག་རྒྱུ་རེད།  དེར་བརྟེན་ང་ཚོས་བོད་དོན་རྒྱབ་སྐྱོར་མཚམས་འཇོགས་ནམ་ཡང་བྱེད་རྒྱུ་མེད་ཅེས་གསུངས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༠༤

Leave a Reply