ཕྱི་ལོ་ ༢༠༡༨ ལོའི་བོད་ནང་གི་གསར་འགྱུར་ཆེ་ཁག་ཕྱོགས་སྒྲིག

གཙུག་ལག་ཁང་གི་མེ་སྐྱོན་ཆེན་མོ།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ཉིན་གྱི་ཕྱི་དྲོར་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་ཇོ་ཁང་སོགས་ལྷ་ཁང་ཁག་ཅིག་ལ་མེ་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། མེ་སྐྱོན་བྱུང་བའི་ཕྱི་ཉིན་དེར་བྱིན་ཆེན་ཇོ་བོ་རིན་པོ་ཆེའི་གཡས་གཡོན་དུ་གོས་ཆེན་སེར་པོ་ཞིག་འཐེན་ཏེ་འབྲེལ་ཡོད་གྲྭ་བཙུན་དང་ལས་བྱེད་ཚོར་མེ་སྐྱོན་སྐོར་སྲུང་དགོས་པ་གཉིས་དང་བཤད་མི་ཆོག་པ་བཞི་ཞེས་པའི་བཀའ་རྒྱ་བསྒྲགས་ཏེ་གསང་རྒྱ་དམ་པོ་བྱས་ཡོད་ཀྱང་། ཕྱིས་སུ་རྒྱ་ནག་གཞུང་གིས་དཔོན་རིགས་ནང་ཁུལ་དུ་དེ་འབྲེལ་གྱི་གསང་བའི་ཡིག་ཆ་ཞིག་བཀྲམ་པའི་ནང་ཇོ་ཁང་གི་མེ་སྐྱོན་ཁྲོད་ས་ཁྱོན་མི་ཊར་གྲུ་བཞི་མ་ ༥༠ ལྷག་ལ་ཚིག་སྐྱོན་བྱུང་སྟེ་ཇོ་ཁང་དང་རྒྱ་ཕིབས་ལའང་གནོད་སྐྱོན་ཕོག་ཡོད་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གནའ་བོའི་རིག་གཞུང་གཅེས་སྐྱོང་ཁང་གིས་མེ་སྐྱོན་དེའི་ཁྲོད་རྒྱ་སྒོར་ས་ཡ་ ༣༠༠༠༠ ནས་ ༤༠༠༠༠ བར་གྱི་དཔལ་འབྱོར་གྱོང་གུད་ཐེབས་ཡོད་པའི་ཚོད་རྩིས་བྱས་ཡོད་པ་རེད། ཕྱི་ཟླ་ ༣ པའི་ནང་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རྩལ་རིག་གཞུང་ལྷན་ཁང་གི་འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པར་ཇོ་ཁང་གི་མེ་སྐྱོན་སྐོར་ལ་སྙན་ཐོ་ཞིག་ཕུལ་བའི་ནང་། ཇོ་ཁང་ལ་མེ་སྐྱོན་ཚབས་ཆེན་བྱུང་མེད་སྐོར་དང་སྔར་ལུགས་ལྟར་བསྐྱར་གསོ་བྱེད་བཞིན་སྐོར་བརྗོད་ཡོད་འདུག རྒྱལ་སྤྱིའི་རིག་དངོས་ཤུལ་བཞག་ཚན་པ་དེས་མེ་སྐྱོན་ཁྲོད་གྱོང་གུད་ཐེབས་པའི་པར་དང་རི་མོ། དེ་བཞིན། སྲོལ་རྒྱུན་རང་བཞིན་ལྡན་པའི་སྒྱུ་རྩལ་རིག་དངོས་ཚང་མ་འདུས་པའི་སྙན་ཐོ་ཞིབ་ཚགས་ཤིག་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡ ནང་ཚུད་དུ་འབུལ་དགོས་བཀའ་མངག་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་རིག་དངོས་ཤུལ་བཞག་ཚན་པའི་སྐུ་ཚབ་ཅིག་ལྷ་སར་དངོས་སུ་ཕེབས་ཏེ་གཟིགས་ཞིབ་གནང་དུ་འཇུག་དགོས་པའི་འབོད་སྐུལ་གནང་།

ཚེ་ཁོས་བཙན་རྒོལ་མེར་བསྲེགས་གནང་།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ ཉིན། རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཐོག་བོད་མི་ཚེ་ཁོའམ་ཡོངས་གྲགས་སུ་ཚེ་ཁོ་སྟུག་ཆག་ཞེས་པ་ཞིག་གིས། རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། ཁོང་རྨེའུ་རུ་མའི་རུ་ཆེན་ལྔ་པ་ནས་ཡིན་ཞིང་། དགུང་ལོ་ ༤༤ ཡས་མས་ཡིན་འདུག ཁོང་གི་ཁྱིམ་དུ་ཨ་མ་དང་བཟའ་ཟླ། ཕྲུ་གུ་བུ་མོ་གཉིས་བཅས་ཡོད་ལ། ཚེ་ཁོ་ལགས་ནི་དུས་རྒྱུན་ནས་བོད་དོན་ལ་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག་ལ། རྒྱལ་ཁབ་བརྟན་བརླིང་ལ་གཏོར་བཤིག་བཏང་བའི་ཉེས་མིང་འོག ཁོང་གི་ཕ་གཅིག་སྤུན་མཆེད་གནམ་མཚོ་དགོན་གྱི་དགེ་འདུན་པ་ས་སྙིང་ལགས་ཀྱང་རྒྱ རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཏེ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་རྗེས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་གི་ཕ་གཅིག་སྤུན་མཆེད་གནམ་མཚོ་དགོན་གྱི་དགེ་བསྐོས་ཨུ་རྒྱན་རྒྱ་མཚོ་ཞེས་པའང་བཙོན་འཇུག་བྱས་ཡོད་འདུག

ནག་པོ་སྐལ་བཟང་ལགས་སྐུ་གྲོངས།

ཕྱི་ལོ་ ༢༠༡༨ ཟླ་ ༤ ཕཚེས་ ༤ ཉིན་བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་དང་། རྩོམ་རིག་དཔྱད་བརྗོད་པ་གངས་རྒྱན་ན་ཆུང་ཚགས་པར་གྱི་རྩོམ་སྒྲིག་པ་ཟུར་པ་ནག་པོ་སྐལ་བཟང་ལགས་ཁོང་རང་གི་ཕ་ཡུལ་རེབ་གོང་དུ་སྐུ་གྲོངས་ཡོད་པ་དང་། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཤེས་ཡོན་པ་དང་། ལྷག་པར་དུ་རྩོམ་པ་པོ་མང་པོས་ཁོང་གི་བརྩམས་ཆོས་དང་མཛད་རྒྱས་རྣམས་ཀྱི་ཐོག་བགྲོ་གླེང་དང་། ཁོང་གི་འདྲ་པར་སོགས་བཀྲམ་ཏེ་མྱ་ངན་གུས་འདུད་ཞུས་ཡོད་པ་རེད། རྩོམ་པ་པོ་ནག་པོ་སྐལ་བཟང་ལགས་ནི་ཕྱི་ལོ་༡༩༥༥ ལོར་རེབ་གོང་གླིང་རྒྱ་སྡེ་བར་སྐྱེས་ཤིང་། ཆུང་དུས་ནས་བོད་རྒྱའི་སློབ་གྲྭར་འགྲིམས་པ་དང་། ཕྱི་ལོ་༡༩༨༢ ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་དོན་བསྒྲུབས་ཡོད་པ་དང་།  ཁོང་གིས་བོད་ཡིག་གི་ལམ་ནས་༼བྲེད་ཤ་ལངས་པའི་མཚར་གཏམ་༽སོགས་སྒྲུང་ཐུང་དང་དཔྱད་རྩོམ་བཅུ་ལྷག་སྤེལ་ཡོད་པ་མ་ཟད། སྒྲུང་རིང་༼ཀླུ་འབུམ་མི་རྒོད་༽དང་༼དམྱལ་ཟངས་ནང་ན་ཀུ་རེ་མེད༽ཅེས་པ་སོགས་པར་བསྐྲུན་གནང་ཡོད་འདུག དེ་བཞིན་རྒྱ་ཡིག་གི་ལམ་ནས་༼བོད་མིའི་བྱུང་བ་བརྗོད་པ༽དང་༼བོད་ཀྱི་མི་གྲངས།༽ ༼གླིང་རྗེ་གེ་སར་རྒྱལ་པོ་༽དང་༼གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་༽སོགས་གྲགས་ཆེ་བའི་དཔྱད་རྩོམ་བཅུ་ལྷག་བརྩམས་ཡོད་འདུག

བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་ཐག་བཅད།

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་ཡུལ་ཤུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས། བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་ཁྲིམས་བཤེར་བྱས་ཏེ། རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ཁོང་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ཟླ་ ༦ ཚེས་ ༡༨ ཉིན་ཁོང་གི་ཁྲིམས་རྩོད་པ་ཉང་ཞོ་ཅིན་(liang xiaojun)ལགས་ཀྱིས། བཀྲ་ཤིས་དབང་ཕྱུག་ལགས་ནས་ཁྲིམས་འགལ་གྱི་ནག་ཉེས་གང་ཡང་བསགས་མེད་པ་ལྟར་བསྐྱར་དུ་ཁྲིམས་གཏུགས་བྱས་ཡོད་སྐོར་བསྒྲགས་ཡོད་པ་དང་། དེ་བཞིན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ནས་ཁྲིམས་ཆད་དེ་ནི་དྲང་བདེན་མིན་པའི་ཁྲིམས་ཆད་ཅིག་ཡིན་པ་བརྗོད་ནས་ཁོང་མྱུར་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ནང་མི་སྤུན་མཆེད་སོགས་ལ་ཐུག་ཏུ་མ་བཅུག་པར་ལོ་ ༢ ལྷག་ལ་བཀག་ཉར་འོག་བཞག་ཡོད་པ་རེད།

རྒྱལ་ཡོངས་གླུ་གཞས་ཀྱི་རྒྱལ་ཁ་ཐོབ།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༧ ཉིན་གྱི་དགོང་མོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་བྱེའུ་ཚང་ལུས་རྩལ་ར་བའི་ནང་། ཀྲུང་གོའི་གླུ་སྐད་སྙན་མོ་ཞེས་པའི་གླུ་གཞས་འགྲན་ཚོགས་ཆེན་མོའི་རྟིང་རྩོད་ཁྲོད་བོད་རིགས་ན་གཞོན་གཞས་པ་བསྟན་འཛིན་ཉི་མ་ལགས་ཀྱིས་ཨང་དང་པོ་དང་འབྲུག་བྱམས་ཚེ་རིང་ལགས་ཀྱིས་ཨང་ ༥ པ་བླངས། ཀྲུང་གོའི་གླུ་སྐད་སྙན་མོ་ཟེར་བའི་གླུ་གཞས་འགྲན་ཚོགས་དེ་ནི་རྒྱ་ནག་གི་གླུ་གཞས་འགྲན་ཚོགས་ཆེ་ཤོས་ཤིག་ཡིན་ཞིང་། འགྲན་ཚོགས་དེའི་ཐོག་བོད་རིགས་གཞས་པ་ཞིག་གིས་ཨང་དང་པོ་བླངས་པ་ཐེངས་གཉིས་པ་དེ་ཆགས་འདུག ཕྱི་ལོ་ ༢༠༡༧ ལོར་བོད་གཞིས་ཀ་རྩེ་ནས་ཡིན་པའི་ན་གཞོན་སྐྱེས་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཨང་དང་པོ་བླངས་ཡོད་པ་རེད།

འབྲི་ཆུ་འགག་པའི་གནོད་སྐྱོན་བྱུང་།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ དང་ ༡༡ པའི་ནང་འབྲི་ཆུའི་རྒྱུད་དུ་རི་ཉུལ་ཐེངས་གཉིས་བྱུང་སྟེ། སྡེ་དགེ་འཇོ་མདའ་རྫོང་སྤོ་ལི་ཡུལ་ཚོ་གཙོ་བོར་གྱུར་བའི་འབྲི་ཆུའི་རྒྱུད་ཀྱི་རྫོང་དང་གྲོང་སྡེ་མང་པོར་དཀའ་ངལ་དང་ཉེན་ཁ་འཕྲད་པར་བརྟེན།  ཡུལ་མི་སྟོང་ཕྲག་མང་པོ་གནས་སྤོ་དགོས་བྱུང་ཡོད་པ་མ་ཟད། འཇོ་མདའ་རྫོང་སྤོ་ལི་དགོན་གྲོང་གཉིས་ལ་ཆུ་ལོག་གིས་གནོད་སྐྱོན་ཐེབས་ཏེ། སྤོ་ལི་དགོན་གྱི་འདུ་ཁང་རྙིང་པ་དང་གྲྭ་ཤག་མང་པོ་ཆུས་བསྣུབས་པ་དང་། དེ་བཞིན་ཡུལ་ཚོའི་སློབ་གྲྭ་དང་སྨན་ཁང་། ཡུལ་མིའི་སྡོད་ཁང་མང་པོའང་ཆུའི་ནང་ནུབས་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ས་དཔྱད་ཚན་པས་གོ་ལའི་ཚ་དྲོད་རིམ་བཞིན་རྒྱས་ཀྱི་ཡོད་པ་དང་། གྲང་ངར་ཆེ་བའི་བོད་མཐོ་སྒང་གི་གནམ་གཤིས་ལའང་འགྱུར་བ་ཐེབས་ཀྱི་ཡོད་པའི་རྐྱེན་གྱིས་རི་ཉུལ་བྱུང་ཡོད་སྐོར་བརྗོད་ཡོད་ཀྱང་། ས་གནས་བོད་མི་ཚོས་ཡུལ་དེར་རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་བཟོས་ནས་ས་རྐོ་རྡོ་སློག་ཤུགས་ཆེན་བྱས་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་ཡོད་པ་རེད།

རྡོ་པོས་རང་བསྲེགས་གནང་བའི་གནས་ཚུལ་ཐོན།

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ ཉིན། རྔ་བ་རྫོང་ཐོག་ཏུ་རང་ལོ་ ༢༣ ཡིན་པའི་གཞོན་སྐྱེས་རྡོ་པོ་ཞེས་པ་ཞིག་གིས་རང་ལུས་མེ་རུ་བསྒྲོན་ནས་ རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག ཅེས་སྐད་འབོད་གནང་སྟེ་མཐར་འདས་གྲོངས་སུ་གྱུར་བ་དང་། ཁོང་ནི་རྔ་བ་རྫོང་ཆོས་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་བ་ནས་ཡིན་ཞིང་།  ཕ་མིང་ལ་གཅོད་པ་དང་། མ་མིང་ལ་འཕྲིན་ལས་སྐྱིད་ཟེར་བ་དང་། ཨ་མ་ལགས་ལོ་ཤས་གོང་ནས་གྲོངས་ཡོད་འདུག ཁོང་ཨ་ཞང་འཇམ་དཔལ་གྲགས་པ་ཚང་དུ་གཏན་སྡོད་བྱས་ཡོད་པའི་གནས་ཚུལ་ཁ་གསལ་པོ་ཞིག་ཐོན་ཡོད་ཀྱང་། ཕྱིས་སུ་རྡོ་པོ་ལགས་ཀྱི་ཨ་ཞང་ཡིན་ཟེར་མཁན་ཞིག་གིས་རྡོ་པོའི་སྦག་སྦག་ལ་མེ་སྐྱོན་བྱུང་སྟེ་སྲོག་ཤོར་ཡོད་པ་ལས་རང་ལུས་མེར་བསྲེགས་བཏང་བ་མིན་སྐོར་གྱི་བརྙན་ཐུང་ཞིག་སྤྱི་ཚོགས་བརྒྱུད་ལམ་དུ་བཀྲམ་འདུག  འདས་པའི་ལོ་ ༡༠ མ་ཟིན་ཙམ་གྱི་ནང་བོད་ནང་ནས་ཉུང་མཐར་བོད་མི་ ༡༥༥ ལྷག་གིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་སྔ་གཞུག་ཏུ་རང་ལུས་མེར་བསྲེགས་བྱུང་སྐབས་རང་ལུས་མེར་སྲེག་གནང་མཁན་རིག་འཚོ་མ་ཟིན་པ་ཡིན་སྐོར་དང་གཞན་གྱི་མགོ་སྐོར་སྐུལ་སློང་འོག་ཚུད་སྐོར་སོགས་བསྒྲགས་ཡོད་པའི་རྐྱེན་གྱིས ། ད་ལན་གྱི་གནས་ཚུལ་དེའང་རྒྱ་ནག་གཞུང་གི་སྐུལ་སློང་ཞིག་ཡིན་པའི་དོགས་པ་བྱེད་ཀྱི་འདུག

གཞོན་པའི་བཙན་རྒོལ་མེར་བསྲེགས།

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་  ༨ ཉིན། རྔ་བ་རྫོང་ཐོག་ཏུ་མིང་ལ་འབྲུག་ཁོ་ཞེས་པའི་ན་གཞོན་ཞིག་གིས། རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པའི་ཁུངས་ལྡན་གནས་ཚུལ་འབྱོར་སོང་ཡང་། རྒྱ་ནག་གཞུང་གིས་རྔ་བའི་ཕྱོགས་ལ་སྔར་ལས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་རྐྱེན་གྱིས་གནས་ཚུལ་ཁ་གསལ་རག་ཐུབ་མ་སོང་། ཕྱིས་སུ་ཨ་རིའི་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ནང་། འབྲུག་ཁོ་ལགས་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་ད་དུང་གྲོངས་མེད་པ་དང་། ཁོང་ནི་རྔ་བ་ཀིརྟི་དགོན་པའི་སྔོན་འགྲོའི་ནང་བསྟན་སློབ་གྲྭའི་དགེ་འདུན་པ་ཟུར་བ་ཞིག་ཡིན་ཞིང་ཆོས་མིང་ལ་ཆོས་ཀྱི་རྒྱལ་མཚན་ཟེར་བ་དང་། ཕྱི་ལོ་ ༢༠༡༧ ལོར་སྐྱ་སར་བབས་ཡོད་སྐོར་བཀོད་འདུག ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༤ ཉིན་འདི་གའི་གསར་ཁང་ལ་ཡང་བསྐྱར་རྔ་བ་རྫོང་ཁོངས་ནས་ཡིན་པའི་ཆོས་ཀྱི་རྒྱ་མཚོ་དང་དགེ་འདུན་རྒྱ་མཚོ་ཞེས་པའི་གཞོན་ནུ་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པའི་གནས་ཚུལ་ཞིག་མཁོ་སྤྲོད་གནང་སོང་ཡང་གནས་ཚུལ་དེར་གསལ་ཁ་བྱུང་མ་སོང་།

བོད་རིགས་གཞོན་ནུའི་རྒྱལ་སྤྱིའི་རྒྱལ་ཁ།

ཕྱི་ལོ་ ༢༠༡༨ ལོར་བོད་ཕྱི་ནང་གཉིས་ནས་ལུས་རྩལ་པ་དང་དྲག་རྩལ་པ་སོགས་བོད་རིགས་གཞོན་སྐྱེས་གང་འཚམ་ཞིག་ལ་རྒྱལ་སྤྱིའི་འགྲན་ཚོགས་ཁག་ཅིག་ནས་རྒྱལ་ཁ་ཐོབ་ཡོད་པ་ལྟར། བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས་སྔ་གཞུག་ཏུ་རྒྱལ་སྤྱིའི་འགྲན་ཚོགས་གཉིས་ཀྱི་ཐོག་ནས་ཨང་དང་པོ་གཉིས་བླངས་ཡོད་པ་དང་། དེ་བཞིན་བོད་མཚོ་ལྷོ་ཁུལ་ནས་ཡིན་པའི་བོད་རིགས་བུ་མོ་ཤེས་རབ་མཚོ་མོ་ལགས་ཀྱིས་ཨར་ཇིན་ཊི་ནཱ་ (Argentina) ནང་ཚོགས་པའི་ན་གཞོན་ཨོ་རྩལ་འགྲན་ཚོགས་ཐོག བུད་མེད་ཀྱི་འདུར་རྒྱུག་འགྲན་སྡུར་རྨིད་ ༥༠༠༠ ནང་ཨང་དང་པོ་བླངས། ཡང་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡིན་པའི་བསོད་ནམས་ཚེ་རིང་ལགས་ཀྱིས་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་ཚོགས་ཐོག་རྒྱང་རྒྱུགས་ཀྱི་ཨང་དང་པོ་བླངས། གཞན་ཡང་། ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་སྐབས་གསུམ་པའི་གཞོན་ནུའི་ཡ་གླིང་ཨོ་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་འགྲན་སྡུར་དང་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ཁྲོད་བོད་རིགས་ཨོ་རྩལ་བ་སྟོབས་རྒྱལ་ལགས་དང་འདུར་རྒྱུག་པ་པདྨ་ཆོས་སྒྲོན་ལགས་གཉིས་ཀྱིས་ཨང་དང་པོ་བླངས་ཏེ། ད་ལྟ་ཐེངས་རྗེས་མའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་གྲ་སྒྲིག་སྦྱོང་བརྡར་བྱེད་བཞིན་པའི་སྒང་ཡིན་འདུག

མནར་གཅོད་འོག་གི་གཞིས་ལུས་བོད་མི།

རྒྱ་ནག་གཞུང་གིས་གསང་བ་དང་གསང་བ་མ་ཡིན་པའི་ཐོག་ནས་བོད་མི་མང་པོ་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་འོག་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་ལྟར།  ཕྱི་ལོ་ ༢༠༡༨ ལོའི་ནང་ཉུང་མཐར་སེར་སྐྱ་ཕོ་མོ་ ༡༦ ཡས་མས་འཛིན་བཟུང་བྱས་ཡོད་ཀྱང་། དེའི་ནང་ནས་མི་ ༨ ཙམ་གྱི་གནས་ཚུལ་གོ་ཐོས་མེད་པར་གྱུར། དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཕྱི་ལོ་ ༢༠༡༨ ལོར་ཁྲིམས་ཐག་བཅད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་ལ་བཙོན་འཇུག་ལོ་ ༣ དང་། རྔ་བ་ཁྱུང་མཆུ་རྫོང་ནས་ཡིན་པ་དགྲ་འདུལ་ལགས་ལ་ལོ་ ༡༣། བོད་ལ་ཉེན་འཕྲད་དུ་ཕྱིན་ཏེ་འཛིན་བཟུང་བྱས་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་མོ་དགའ་ལྡན་དགོན་གྱི་གྲྭ་བཀྲ་ཤིས་ཆོས་དབྱངས་ལགས་ལ་ལོ་ ༦ བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན། གཞན་ཡང་། ཕྱི་ལོ་ ༢༠༡༨ ལོར་བཙོན་འཇུག་ལོ་ ༡༠ ཧྲིལ་པོ་ཚང་སྟེ་ཀློད་གྲོལ་ཐོབ་པ་བོད་མི་ ༢ དང་། ལོ་ ༣།༦ ནས་ ༧ བར་གྱི་བཙོན་འཇུག་དུས་ཡུན་ཚང་བ་ ༥ བཅས་ཁྱོན་ཆབ་སྲིད་བཙོན་པ་ ༧ ཀློད་གྲོལ་བཏང་།  ཡང་དེ་སྔོན་ས་བྱི་ཞི་རྒོལ་སྐབས་ངོ་རྒོལ་སྣེ་འཁྲིད་བྱས་པའི་ཉེས་མིང་གཡོགས་པའི་གཞོན་ནུ་དཔལ་ལྡན་ལགས་དང་། ཕྱི་ལོ་ ༡༩༩༣ ལོར་ལྷ་སར་ངོ་རྒོལ་ཁྲོམ་སྐོར་གནང་མཁན་བཙུན་མ་ངག་དབང་མཚོ་མོ་ལགས་རྣམ་གཉིས་ལ་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་རྐྱེན། བཙོན་གྲོལ་ཐོབ་རྗེས་ནང་མི་ཚོས་འགྲོ་གྲོན་ཕོན་ཆེན་བཏང་སྟེ་ཡུན་རིང་སྨན་བཅོས་བྱས་ཡོད་ཀྱང་། དྲག་སྐྱེད་མ་བྱུང་བར་འདི་ལོར་སྔ་རྗེས་སུ་སྐུ་གྲོངས་ཡོད་པ་དང་། གཞོན་ནུ་དཔལ་ལྡན་ལགས་ཀྱི་བུ་མོ་ཡང་རྒྱ་ནག་གཞུང་གིས་སློབ་གྲྭ་ནས་ཕྱིར་འཕུད་བཏང་ཡོད་པའི་གནས་ཚུལ་ཐོན།

མཆན། རང་ལུས་མེར་བསྲེགས་གནང་སྟེ་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་པ་ཕུད་འདི་ག་གསར་ཁང་ནས་ལག་སོན་བྱུང་བའི་གོང་བཀོད་འཛིན་བཟུང་བཙོན་འཇུག་ཚང་མ་ཕྱོགས་བསྡོམས་ཀྱི་གྲངས་འབོར་ནང་བཅུག་ཡོད།

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༡/༡༠

Leave a Reply