དམག་འཐབ་ལ་གྲ་སྒྲིག་བྱོས།

ཞི་ཅིན་ཕིན་གྱིས་འདི་ལོར་དོན་དག་བྱུང་བ་དང་འཕྲལ་མ་ཉིད་དུ་ཕར་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ལེགས་འགྲུབ་ཡོང་དགོས་པའི་བཀའ་ཁྱབ་བསྒྲགས།ཁ་སང་ཕྱི་ཚེས་ ༤ ཉིན། རྒྱ་ནག་གཞུང་གི་འདི་ལོའི་ཆེས་མཐོའི་དམག་གི་ཚོགས་འདུ་པེ་ཅིན་དུ་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཕྱི་ལོ་ ༢༠༡༩ ལོའི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྦྱོང་བཀའ་ཁྱབ་ཞེས་པར་མིང་རྟགས་བཀོད་དེ། རྒྱལ་ཁབ་ཕྱི་ནང་གང་སར་ཕྱོགས་ཡོངས་ནས་སྔོན་དཔག་ཐུབ་པ་དང་མི་ཐུབ་པའི་དཀའ་ངལ་སྣ་ཚོགས་ཡོང་བཞིན་པའི་དུས་འདིར། དམག་སྡེ་ཡོངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་གོང་འཕེལ་ཆེད་དམག་བྱུས་དང་དམག་འཐབ་ལ་གྲ་སྒྲིག་དགོས་ཞེས་བཀའ་བསྒྲགས།

གཏམ་བཤད་སྐབས་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་དམག་སྡེ་ཡོངས་ཀྱིས་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་དང་དམག་དོན་འཐབ་རྩོད་ལ་གྲ་སྒྲིག་བྱས་ཏེ།  ཏང་དང་མི་མང་གིས་་སྤྲད་པའི་འགན་འཁྲི་མཐའ་གཅིག་ཏུ་ལེགས་འགྲུབ་དགོས་པ་དང་།  སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་དཀའ་ཚེགས་ཆེ་བའི་དམག་དོན་ལས་འགན་གྱི་མདུན་དུ། དམག་མི་ཚོས་སྣེ་འཁྲིད་ནས་དམག་ཤུགས་རྒྱ་བསྐྱེད་དང་བློ་རྩ་བརྟན་པོ། དམག་གི་འཐབ་བྱུས་གྲ་སྒྲིག་གང་ལེགས་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། ཁེ་ཕན་བཅས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་སྐོར་བརྗོད་འདུག

རྒྱ་ནག་གི་དམག་བྱུས་ཆེད་མཁས་པ་ནེ་ལི་ཞོང་Ni Lexiong)ཟེར་བ་ཞིག་གིས་ཞི་ཡིས་དམག་འཐབ་ཀྱི་ཉེན་བརྡ་དེ་ནི་ཐའེ་ཝན་མཚོ་འགག་དང་། རྒྱལ་ཁབ་གཅིག་གི་སྲིད་བྱུས་ལ་བར་ཆད་བཟོ་མཁན་ཚོར་བཏང་བ་ཞིག་ཡིན་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་དཔྱད་ཞིབ་གསར་འགྱུར་ནང་རྒྱ་ནག་གིས་ལོ་འདིར་དམག་སྦྱོང་ཤུགས་ཆེན་བྱས་ཏེ། དཀའ་རྙོག་སེལ་ཐབས་ཁོ་ན་ནི་དམག་འཁྲུག་ཡིན་པར་ཡིད་ཆེས་བྱས་ཡོད་པ་དང་། དམག་སྦྱོང་དེ་དག་གི་དམིགས་ས་གཙོ་བོ་ཨ་རི་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དང་ཐའེ་ཝན་ལས་མེད་སྐོར་བརྗོད་འདུག

ཡང་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་དམག་མི་ཚོས་དུས་རབས་གསར་པའི་དམག་དོན་བསམ་བློ་གསར་འཛུགས་དང་། དུས་རབས་གསར་པའི་དམག་འཐབ་བྱེད་ཕྱོགས་ལ་ཧུར་བརྩོན་དང་དམག་འཐབ་ཀྱི་བཀོད་འདོམས་མི་འཕྱུག་པ། དམག་འཐབ་ནུས་ཤུགས་ལ་རྒྱུན་འཁྱོངས་དང་། དོན་དག་བྱུང་བ་དང་འཕྲལ་མ་ཉིད་དུ་ཕར་རྒོལ་མཐའ་གཅིག་ཏུ་ལེགས་འགྲུབ་ཡོང་བ། མཉམ་འབྲེལ་དམག་འཐབ་ཀྱི་ཐབས་བྱུས་ནུས་པ་ཆེ་རུ་བཏང་ནས་རྣམ་པ་གསར་པའི་དམག་འཐབ་ཀྱི་སྟོབས་ཤུགས་ཡོད་པ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་ལས་ཁུངས་ཁག་དང་ས་གནས་རིམ་པ་ཁག་གི་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ། ཐུན་མོང་ཐོག་རྒྱལ་ཁབ་ཀྱི་དཔའ་བོའི་མི་མང་དམག་དཔུང་སྔར་ལས་སྟོབས་ཆེ་བ་དང་། འཐབ་རྩོད་ནུས་ཤུགས་དེ་བས་ཆེ་བར་རྒྱ་སྐྱེད་གཏོང་དགོས་སྐོར་བརྗོད་འདུགཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གིས་སྐམ་མཚོ་གནམ་གསུམ་གྱི་དམག་སྦྱོང་དང་དྲག་ཆས་མཚོན་ཆ་ཤུགས་ཆེན་རྒྱ་བསྐྱེད་བཏང་ཡོད་པ་དང་། ལྷག་པར་དུ་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་རང་གིས་བཟོས་པའི་དྲག་ཆས་གནམ་དམག་གྲུ་གཟེངས་རིམ་པར་བཏང་ནས་ཉེ་འཁོར་གྱི་རྒྱལ་ཁབ་ཁག་ལ་སུན་བཙེར་ཡང་ཡང་བཟོས་ཡོད་པ་དང་། ལྷག་པར་དུ་བོད་མཐོ་སྒང་དུ་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་དྲག་པོའི་དཔུང་ཤུགས་ངོམ་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གི་དམག་དོན་ཆེད་མཁས་པ་སོང་ཀྲོང་ཕིང (Song Zhongping) ཟེར་བ་ཞིག་གིས། ས་མཐོ་རུ་དམག་རྒྱག་དུས་དཀའ་ཁག་ཆེ་ཤོས་དེ་རྒྱབ་དཔུང་སྟངས་འཛིན་དང་གོ་མཚོན་མཐུན་སྦྱོར་རྒྱུན་མ་ཆད་པར་དགོས་པ་སོགས་བརྗོད་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨  ཟླ་ ༡༢ ནང་བོད་མཐོ་སྒང་དུ་རྒྱ་ནག་གི་དྲག་ཆས་མེ་སྒྱོག་ཐོན་གསར་ཤོས་ཁག་ཆེད་གཏོང་བྱས་ཏེ་ཕྱོགས་ཡོངས་ནས་དམག་ཤུགས་བཀོལ་ཐབས་ལ་གྲ་སྒྲིག་བྱེད་བཞིན་ཡོད་འདུག

ཐེངས་འདིའི་ཞི་ཡི་དམག་འཐབ་སྐོར་གྱི་གཏམ་བཤད་ལ་རྒྱལ་སྤྱིའི་སྟེང་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་དམག་དོན་ཆེད་མཁས་པ་ཚོས་ཞི་ཡི་གཏམ་བཤད་དེ་ནི་ཆེད་དུ་ཨ་རིར་དམིགས་པ་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༨ ལོར་ཨ་རྒྱ་གཉིས་གནད་དོན་མང་པོ་ཞིག་གི་སྟེང་ནས་འགྲིག་འཇགས་བྱུང་མེད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༩ ཚེས་ ༢༤ ཉིན་ཨ་རིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༣༣༠ ཡི་དམག་གི་གོ་མཚོན་བཙོང་གཏན་འཁེལ་བ་དེས། རྒྱ་ནག་ལ་ཁོང་ཁྲོ་ཤུགས་ཆེན་བསླངས་ཏེ་ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་མཚམས་མ་བཞག་ན་དམག་འཁྲུག་ལས་ཐབས་གཞན་མེད་པའི་ཉེན་བརྡ་དང་རྒོལ་གཏམ་ཡང་བཏང་ཡོད་པ་རེད།

ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་སྲིད་འཛིན་དུ་བསྡད་རྗེས་རྒྱ་ནག་གི་དམག་མི་ཉུང་དུ་གཏོང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན་རྒྱ་ནག་གཞུང་གིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་པ་དང་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༧༠ འཁོར་བའི་དུས་སྟོན་སྲུང་གཙིའི་ཐོག ཞི་ཅིན་ཕིན་གྱིས་དམག་འཁྲུག་གིས་ཞེ་འཁོན་དང་གོད་ཆག  སྡུག་བསྔལ་སོགས་སློང་བ་ལས་ཅི་ཡང་མེད་སྟབས། ང་ཚོས་འཛམ་གླིང་ཞི་བདེ་སྲུང་སྐྱོབ་ཀྱི་རླབས་ཆེའི་འགན་འཁྲི་ལག་བསྟར་ཆེད་རྒྱ་ནག་གི་དམག་མི་ཁྲི ༣༠ ཉུང་དུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ལོ་དེར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ བར་དམག་དོན་སྒྲིག་འཛུགས་ལ་འགྱུར་བ་གཏང་སྟེ། རྒྱ་ནག་གི་ས་མཚོ་གནམ་གསུམ་གྱི་དམག་འཐབ་ལ་སྟོབས་ཤུགས་རྒྱ་བསྐྱེད་གཏོང་དགོས་སྐོར་སོགས་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༡/༠༥

Leave a Reply to བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ Cancel Reply

3 thoughts on “དམག་འཐབ་ལ་གྲ་སྒྲིག་བྱོས།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    གདུང་ཕྲུག་འོ་མས་གསོས་པ་དེ་དགྲ་ཆུ་སྲིན་ཐུག་ན་རྒྱག་རྒྱུ་རེད་ཟེར་བའི་དཔེ་ལྟར་
    ཨ་རིའི་མཚོན་པའི་དྲག་དམག་འཐབ་རྩོད་ལ་དགའ་བའི་རྒྱལ་ཁབ་ཚོའི་དུས་ད་ལྟ་
    བར་སྒོ་མཚོན་བསོག་འཇོག་བྱས་པ་དེ་དག་བེད་སྤྱོད་གཏོང་དགོས་པ་ནི་བསག་པ་བརྟེན་
    གང་དང་དགོས་པ་ཉིན་གཅིག་ཟེར་བའི་དཔེ་ལྟར་དམག་མ་རྒྱབ་ན་ངན་པ་བྱས་རྒྱལ་དང་
    བཟང་པོ་མཐོང་མེད་འགྲོ་བས་དམག་ཆེན་གསུམ་པ་ལངས་དགོས་པའི་དུས་ལ་བབ་མི་
    འདུག་གམ།

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    སྔ་མོ་བོད་ཀྱི་གཏམ་དཔེ་ལ་དམག་འཁྲུགས་བྱུང་ན་བུ་རྟ་
    གསས་ཞི་བདེ་བྱུང་འབངས་མི་སྐྱིད་ཟེར་བ་ལྟར་ད་ཐེངས་
    ཨ་རྒྱ་བར་དམག་གི་གདོང་ཐུག་བྱུང་ན་རྒྱ་ནག་གི་བོད་ལ་
    ཐུབ་ཚོད་གཏོང་བ་ནང་བཞིན་ལས་སླ་པོ་དེ་ཨ་རི་དང་ཐེ་ཝན་
    ལ་མི་ཡོང་བ་ངས་ཐག་གཅོད་ཐུབ།

  3. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    དམག་ཆེན་གསུམ་པའི་སྒྲ་སྒྲིག་དེ་རྒྱ་ནག་དང་ཨ་རི་ནས་ཐེ་ཝན་
    ཆེད་བྱེད་བཞིན་པ་དང་དམག་འཁྲུགས་ཀྱི་སྒྲུབ་འབྲས་བོད་ལ་རང་བཙན་
    ཐོབ་སྲིད་པ་དང་རྒྱ་ནག་དང་ཐེ་ཝན་གཉིས་ལ་གྱོང་གུན་ཆེན་པོ་ཕོག་རྒྱུ་ཡིན་པ་
    གཏན་འཁེལ་བ་རེད་དོ།