མཱ་ལཱ་ལཱའི་དེབ་གསར་ཐོན་འདུག

ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་མཱ་ལཱ་ལཱ་ལགས་ཀྱིས་གསར་དུ་བྲིས་པའི་༼ཡུལ་གྱར་བའི་ང་ཚོ༽ཞེས་པའི་ཡེ་མན་དང་སི་རི་ཡ་སོགས་འཛམ་གླིང་ནང་བྱིས་པ་མང་པོ་ཞིག་ཁྱིམ་མི་དང་ཁ་བྲལ་དུ་ཕྱིན་ཏེ་དཀའ་སྡུག་གི་ལོ་ཟླ་སྐྱེལ་བཞིན་ཡོད་པའི་དངོས་བྱུང་གཏམ་རྒྱུད་དེ་སང་ཉིན་ནས་ཁྲོམ་རར་འགྲེམ་ཚོང་བྱ་རྒྱུ་ཡིན་འདུགདེ་རིང་ཨ་རིའི་ཨེ་བྷི་སི་(ABC)གསར་ཁང་གི་བུད་མེད་ཀྱི་ལྟ་ཚུལ་ཞེས་པའི་དམིགས་བསལ་ལེན་ཚན་ནང་དུ། འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཆུང་ཤོས་པ་ཀི་སི་ཐན་གྱི་བུད་མེད་མཱ་ལཱ་ལཱ་ལགས་ཀྱི་དེབ་གསར་ཡུལ་གྱར་བའི་ང་ཚོ་(We are displaced)ཞེས་པ་གཙོ་བོར་གྱུར་བའི་མི་ཚེའི་ལོ་རྒྱུས་སྐོར་ལ་བུད་མེད་ལྔ་ཡིས་བཅར་འདྲི་བྱས་འདུག་པ་དང་། བཅར་འདྲིའི་སྐབས་མཱ་ལཱ་ལཱ་ཡིས། ད་ལྟ་འཛམ་གླིང་ནང་ཕ་མ་གཉིས་གཙོས་བཟའ་མི་དང་ཁ་བྲལ་དུ་ཕྱིན་པའི་ལོ་ཆུང་བུ་མོ་མང་པོ་ཞིག་གིས་ལོ་དང་ཟླ་བ་མང་པོར་དཀའ་སྡུག་གི་བརྒྱུད་རིམ་འདྲ་མིན་བརྒྱུད་དེ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ཁོ་ཚོའི་ལོ་རྒྱུས་ལས་ང་ཚོས་སྙིང་སྟོབས་དང་དཔའ་མཛངས་རྟུལ་ཕོད། དེ་བཞིན། དཀའ་སྡུག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པ་སོགས་སྦྱོང་དགོས་པ་མང་པོ་ཡོད་སྐོར་བརྗོད་སོང་།

གསར་འགོད་པས་ལོ་བཅུའི་ཡར་སྔོན་དུ་ཐཱ་ལི་བྷན་གྱིས་པ་ཀི་སི་ཐན་ནང་གི་བུ་མོ་ཚོར་སློབ་གསོ་བཀག་སྡོམ་བྱས་སྐབས། ཁྱེད་རང་ལོ་ ༡༡ ཡིན་པ་དང་སྐབས་དེར་ཁྱེད་རང་འཇིགས་སྐུལ་བའི་ཁ་གཏད་དུ་ལངས་ཐུབ་པའི་གདེང་ཚོད་ཇི་ལྟར་རྙེད་སོང་ངམ་ཞེས་དྲིས་པར་མཱ་ལཱ་ལཱ་ཡིས། དེ་ནི་ཏག་ཏག་ལོ་ངོ་བཅུའི་ཡར་སྔོན་ལ་བྱུང་བའི་གནས་ཚུལ་རེད། ཞོགས་པ་དེར་ང་རང་ཉལ་ས་ནས་ཡར་ལངས་པ་དང་། ཐཱ་ལི་བྷན་གྱིས་ངའིི་མ་འོངས་པའི་མི་ཚེའི་མདུན་ལམ་དང་རྨི་ལམ་ཡོད་ཚད་འཕྲོག་འགྲོ་ཡི་ཡོད་པའི་བསམ་བློ་འཁོར་བྱུང་ལ། དེ་ནི་དཔེ་དེབ་དང་སྨྱུ་གུ་འཕྲོག་པ་ཙམ་མ་ཡིན་པར་ང་རང་མི་ཞིག་དང་དམིགས་བསལ་བུད་མེད་ཅིག་ཡིན་པས། མི་སྒེར་གྱི་རང་སྐྱ་འཕེལ་བའི་རང་དབང་དེའང་འཕྲོག་འགྲོ་ཡི་ཡོད་པར་བརྟེན། ང་རང་ཉིད་ཀྱི་མི་ཚེའི་ཕུགས་མདུན་དང་རང་དབང་གི་ཆེད་དུ་འཇིགས་སྐུལ་བའི་ཁ་གཏད་དུ་ལངས་པ་ཡིན། ཞེས་བརྗོད།

ཡང་གསར་འགོད་པས་འཇིགས་སྐུལ་བའི་དཀའ་ངལ་དེ་འཛམ་གླིང་ཡུལ་གྲུ་གང་སར་བྱུང་དང་འབྱུང་གི་ཡོད་ནའང་། སྐྱེས་པ་ཚོས་ཅིའི་ཕྱིར་བུད་མེད་ཚོ་རང་སྐྱ་འཕེལ་བ་དང་རང་དབང་ལྡན་པའི་མི་ཞིག་ཏུ་འགྱུར་བར་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད་ཅེས་དྲིས་པར་མོས།  དང་པོ་དེར་སྐྱེས་པ་ཚོས་བུད་མེད་ཚོར་དབང་ཆ་སྤྲོད་ན་འདོད་ཀྱི་མེད། བུད་མེད་ཚོར་ཁོ་ཚོ་དང་འདྲ་མཉམ་གྱི་ཐོབ་དང་གོ་ས་སྤྲོད་འདོད་མེད་ལ། ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ང་ཚོས་ཤེས་ཐུབ་པ་ནི་བུད་མེད་ཚོ་སྲིད་འཛིན་དང་སྲིད་བློན་ཆགས་པར་སྐྱེས་པ་ཚོས་དགའ་པོ་བྱེད་ཀྱི་མེད་པ་རེད། མི་སུ་ཞིག་ཡིན་རུང་སོ་སོའི་སྐད་ཆ་ལ་རྒྱུ་མཚན་དང་གནས་ལུགས་བགྲང་ཆོག་གི་ཡོད་ཀྱང་། དོན་དངོས་ཐོག་ཁོ་ཚོས་བུད་མེད་ལ་མགོ་འཁྲིད་བྱེད་པའི་ནུས་པ་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད་པ་རེད། ཐཱ་ལི་བྷན་གྱི་གནས་སྟངས་ལ་ཆ་བཞག་ན། གལ་སྲིད་བུད་མེད་ཚོས་སློབ་སྦྱོང་བྱས་པ་བརྒྱུད་མགོ་འཁྲིད་ཆགས་པ་དང་སྲིད་དབང་འཛིན་ཐུབ་པ་ཡིན་ན། བུད་མེད་ཚོས་བཙན་གཡེམ་དང་ཁྲིམས་འགལ་གཉེན་སྒྲིག དེ་བཞིན། འདྲ་མཉམ་ཐོབ་ཐང་སོགས་ཀྱི་སྐོར་ལ་སྐད་ཆ་བཤད་སྲིད་པར་ཞེ་སྣང་སྐྱེས་ཏེ་བུད་མེད་ཚོར་སློབ་གསོའི་རང་དབང་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད།  ཅེས་ཟེར།

ཡང་གསར་འགོད་པས་མོའི་དཔེ་དེབ་གསར་པའི་ནང་རང་ཉིད་ཀྱི་པ་ལགས་ནི་སེམས་ཤུགས་སྤྲོད་མཁན་དང་བུད་མེད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་སྐོར་འབྲི་དགོས་དོན་གང་ཡིན་དྲིས་པར་མོས།  ཡར་ཐོན་ཅན་དང་རྗེས་ལུས་ཅན། དེ་བཞིན། སྐྱབས་བཅོལ་བའི་སྤྱི་ཚོགས་སོགས་གང་ཞིག་ཡིན་རུང་པ་ལགས་ལབ་དུས། རང་ཉིད་ཀྱི་བུ་མོར་དེ་ཙམ་རྒྱབ་སྐྱོར་དང་ཡིད་ཆེས་མི་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། འོན་ཀྱང་། འཛམ་གླིང་ནང་སྤྱི་ཚོགས་ཀྱི་བསམ་བློ་འདིའི་རིགས་ལ་ཁ་གཏད་གཅོག་མཁན་པ་ལགས་མང་པོ་ཡོད་པ་རེད་ལ། ངའི་པ་ལགས་ཀྱིས་༼མོ་རང་དབང་ངང་འཕུར་དུ་ཆུག༽ཞེས་པའི་དེབ་ཅིག་བརྩམས་ཡོད། ཁོས་ནམ་རྒྱུན་རང་ཉིད་ཀྱི་བསམ་བློར་བཅོས་བསྒྱུར་གཏོང་རྒྱུ་ནི་ཐོག་མའི་གོམ་སྟབས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། དེ་ནི་སྐྱེས་པ་ཚང་མས་བྱེད་དགོས་པའི་གཞི་རྩ་ཞིག་ཆགས་འདུག་བསམ།  ངའི་པ་ལགས་སུ་སྲིང་མོ་ལྔ་ཡོད་པ་ཚང་མར་སློབ་གསོའི་གོ་སྐབས་མ་རག་སྟབས། ཁོས་རང་ཉིད་ཀྱི་བུ་མོར་ཡིད་ཆེས་བྱས་ཏེ་ང་ལ་འབྲི་ཀློག་དང་སྐད་ཆ་བཤད་དགོས་པ་སོགས་སོ་སོའི་ཐོབ་ཐང་དང་ཕུགས་མདུན་འཚོལ་དགོས་པའི་ལམ་སྟོན་བྱས་པ་མ་ཟད། མོ་དབང་རིང་ལུགས་མ་ཤེས་སྔོན་ནས་ངའི་པ་ལགས་མོ་དབང་རིང་ལུགས་པ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་སོང་།

མཱ་ལཱ་ལཱའི་དེབ་གསར་༼ཡུལ་གྱར་བའི་ང་ཚོ༽ཞེས་པའི་ནང་དེང་སང་འཛམ་གླིང་ནང་སྐྱབས་བཅོལ་བའི་མི་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་ནང་ཁྱོན་སྐྱབས་བཅོལ་བའི་མི་འབོར་ས་ཡ་ ༦༨།༥ ཡོད་པ་ཚང་མ་མི་ཡིན་པ་གཅིག་མཚུངས་དང་། ཁོ་ཚོའི་རྨི་ལམ་དང་རེ་བ། དེ་བཞིན། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སོགས་གཅིག་མཚུངས་ཡིན་སྐོར་དང་། མོ་རང་གིས་སི་རི་ཡ་དང་ཡེ་མན་སོགས་ཀྱི་སྐྱབས་བཅོལ་བ་མང་པོ་ཞིག་ལ་འབྲེལ་འདྲིས་བྱས་པའི་ཁྲོད་ཀྱི་མྱོང་ཚོར་སོགས་བྲིས་འདུག་ལ། དཔེ་དེབ་ཀྱི་ཡོང་འབབ་ཚང་མ་མཱ་ལཱ་ལཱའི་ཐེབས་རྩ་ཁང་ནས་དམག་འཁྲུག་དང་སྐྱབས་བཅོལ་བའི་གནས་སྟངས་འོག་སློབ་གསོའི་གོ་སྐབས་རག་གི་མེད་པའི་བུ་མོ་ཚོར་རོགས་རམ་བྱེད་པར་གཏོང་འཆར་ཡོད་འདུག

མཱ་ལཱ་ལཱ་ཡིས་ད་ལྟའི་བར་ཁྱོན་དཔེ་དེབ་ ༥ བྲིས་ཡོད་པ་དང་།  དེ་དག་ནི་༼ང་མཱ་ལཱ་ལཱ་ཡིན།༽དང་༼ང་བུད་མེད་ཀྱི་ཐོབ་ཐང་ཆེད་ལངས་དགོས་པའི་ལོ་རྒྱུས།༽། ༼བུད་མེད་གཅིག་སློབ་གསོའི་ཐོབ་ཐང་ཆེད་ལངས་པ་དེས་འཛམ་གླིང་ལ་འགྱུར་བ་ཇི་ལྟར་བཏང་ཡོད།༽ ༼མཱ་ལཱ་ལཱའི་སྒྱུ་འཕྲུལ་སྨྱུ་གུ༽ ༼ཡུལ་གྱར་བའི་ང་ཚོ༽བཅས་ཡིན་པ་དང་། དེའི་ཁྲོད་ནས་༼ང་མཱ་ལཱ་ལཱ་ཡིན་༽ཞེས་པའི་དཔེ་དེབ་དེ་རྒྱལ་སྤྱིའི་ཁྲོམ་རའི་སྟེང་ཚོང་སྒྱུར་ཡག་ཤོས་ཀྱི་དཔེ་དེབ་ཅིག་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༡/༠༨

Leave a Reply to བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ Cancel Reply

One thought on “མཱ་ལཱ་ལཱའི་དེབ་གསར་ཐོན་འདུག

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    We are displaced ༼ ཡུལ་གྱར་བའི་ང་ཚོ་ ༽
    We are displaced. ༼ ང་ཚོ་ནི་གནས་ངེས་མེད ༽ ཟེར་ན་ག་འདྲ་འདུག།