ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲ་བཀག་ཉར་བྱས།

མགོ་ལོག་དགའ་བདེ་རྫོང་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་དང་འབྲོག་མིའི་ཐོབ་ཐང་རྩོད་ལེན་པ་ཨ་ཉ་སེང་སྒྲ་ལགས་འཛིན་བཟུང་བྱས་ཏེ་ཟི་ལིང་གི་བཀག་ཉར་ཁང་ཞིག་ཏུ་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་ལོའི་ཕྱི་ཟླ་ ༩ ཚེས་ ༤ ཉིན་གྱི་ཕྱི་དྲོར་མགོ་ལོག་དགའ་བདེ་རྫོང་ཉེན་རྟོག་ཁང་གིས། ས་གནས་ཀྱི་འབྲོག་མིའི་ཐོབ་ཐང་རྩོད་ལེན་པ་དང་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲ་ཞེས་པ་ཞིག་འཛིན་བཟུང་བྱས་ཏེ་ཟི་ལིང་གི་གྲོ་ཚང་བཀག་ཉར་ཁང་དུ་ཡོད་པ་དང་། ཁོང་གི་བཟའ་ཟླ་དང་གཉེན་ཉེ་བཅས་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་ཀྱང་ཁོང་གི་ཁྲིམས་རྩོད་པས་ཐུག་འཕྲད་བྱེད་སྐབས་ཉ་སེང་སྒྲའི་གཟུགས་པོའི་གནང་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྐོར་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༩ ཚེས་ ༡༨ དང་། ཟླ་ ༡༠ ཚེས་ ༢༡ བཅས་ལ་ཨ་ཉ་སེང་སྒྲ་ལགས་ཀྱི་བཟའ་ཟླ་གཡང་སྐྱིད་དང་། སྒེར་གྱི་ཁྲིམས་རྩོད་པ་ལིན་ཆི་ལི། གཉེན་ཉེ་བཅས་དགའ་བདེ་རྫོང་ཉེན་རྟོག་ཁང་དུ་ཕྱིན་ཏེ། ཁོང་ལ་ཐུག་འཕྲད་དགོས་སྐོར་ཞུས་ཡོད་ཀྱང་ཐུག་ཏུ་བཅུག་མེད་པ་རེད། འོན་ཀྱང་། ཟླ་དེའི་ཕྱི་ཚེས་ ༢༢ ཉིན་ཁྲིམས་རྩོད་པ་ཨ་ཉ་སེང་སྒྲ་ལགས་ལ་ཐུག་ཏུ་བཅུག་ཡོད་འདུག

ཁྲིམས་རྩོད་པ་ལིན་ཆི་ལི་ཡིས་ཨ་ཉ་སེང་སྒྲའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་དང་། ཉེན་རྟོག་པས་ཁོང་གློ་བུར་དུ་ས་བབ་མཐོ་ས་ནས་ས་བབ་དམའ་སར་བཀག་ཉར་བྱས་རྐྱེན། ས་ཆུ་མ་འཕྲོད་པར་གྲོད་ཁོག་བཤལ་ཏེ། དུས་ཡུན་ཆུ་ཚོད་ ༡༣༧ རིང་བཟའ་འཐུང་བྱེད་ཐུབ་མེད་པ་དང་། ས་ཆུ་མ་འཕྲོད་པའི་ཚབས་ཆེའི་དཀའ་ངལ་མུ་མཐུད་ཡོད་ལུགས་བཤད་སོང་ཞེས་བརྗོད་འདུག

ལོ་སྔོན་མའི་ཟླ་ ༡༡ ཚེས་ ༡༢ ཉིན་དགའ་བདེ་རྫོང་ཉེན་རྟོག་ཁང་གིས་བརྡ་ཡིག་ཅིག་འབྱོར་བའི་ནང་། ཨ་ཉ་སེང་སྒྲས་སྤྱི་ཚོགས་ནང་དཀྲུག་རྐྱེན་བསླངས་པའི་ཉེས་དོན་ཐག་གཅོད་བྱེད་བཞིན་ཡོད་ལུགས་དང་། དོགས་ཡོད་ཉེས་ཅན་ལ་ད་དུང་ཉེས་པ་ཆེན་པོ་གཞན་ཡོད་སྲིད་པས། ཉེས་དོན་ཞུ་གཏུག་གི་བཅའ་ཁྲིམས་དོན་ཚན་ ༡༦༠ ཡི་གཏན་འབེབ་ལྟར། དགའ་བདེ་རྫོང་ཉེན་རྟོག་ཁང་ནས་ཆོག་མཆན་སྤྲད་པ་བརྒྱུད། ཨ་ཉ་སེང་སྒྲ་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༢ ཉིན་བར་བཀག་ཉར་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག

ཨ་ཉ་སེང་སྒྲས་ཁྲིམས་རྩོད་པ་ལིན་ཆི་ལི་ལ་དགའ་བདེ་རྫོང་ཉེན་རྟོག་པས་ཁོ་རང་རྫོང་བཀག་ཉར་ཁང་དུ་བཀག་ཉར་མ་བྱས་པར་བསམ་བཞིན་གྲོ་ཚང་ཁུལ་བཀག་ཉར་ཁང་དུ་བསྐྱལ་བ་དེ་ནི། ས་གནས་སྲིད་གཞུང་གིས་ཁོང་ལ་མནར་གཅོད་གཏོང་སྟངས་ཤིག་ཡིན་པ་དང་། ཁོང་གིས་གོང་རིམ་ལ་མང་ཚོགས་ཀྱི་བདེ་སྡུག་ཞུས་པ་མ་གཏོགས་ཁྲིམས་འགལ་གྱི་ཀུན་སྤྱོད་རྩ་བ་བྱས་མེད་ཀྱང་། ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་ཀྱིས་བཀག་ཉར་འོག་བཞག་ཡོད་སྐོར་བརྗོད་འདུག

ཨ་ཉ་སེང་སྒྲའི་བཟའ་ཟླ་གཡང་སྐྱིད་ལགས་ཀྱིས། ཁོང་འཛིན་བཟུང་བཀག་ཉར་བྱས་པའི་རྒྱུ་མཚན་ནི། ཁོས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཞིབ་དཔྱོད་ཁང་དང་པེ་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྲིམས་ཁང་ཁག་ལ། ས་གནས་སྲིད་གཞུང་གིས་སྐྱོབ་གསོ་རོགས་དངུལ་ལྐོག་ཟ་གསུག་ལེན་བྱས་ཏེ། འབྲོག་པ་མང་ཚོགས་ཕྱུག་འགྱུར་ལས་ལྡོག་སྟེ་རིམ་ཁག་མགོ་ཁྲིད་ཚོ་ཕྱུག་པོ་ཆགས་པ་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་གནས་ལ་ཡར་རྒྱས་ཀྱི་འགྱུར་ལྡོག་གང་ཡང་མེད་པར་སྔར་བཞིན་དབུལ་ཕོངས་དཀའ་སྡུག་གི་གནས་སྟངས་བཅས་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། ས་གནས་མགོ་འཁྲིད་ཀྱི་ལྐོག་ཟ་གསུག་ལེན་ཐེར་འདོན་དང་ཞུ་གཏུག་བྱས་པར་བརྟེན། དགའ་བདེ་རྫོང་ཉེན་རྟོག་པས་དཀྲུག་རྐྱེན་བཟོས་པའི་ཉེས་མིང་གཡོགས་ཡོད་སྐོར་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༩ ཚེས་ ༨ ཉིན་གཡང་སྐྱིད་ཀྱིས་མགོ་ལོག་དགའ་བདེ་རྫོང་ཉེན་རྟོག་ཁང་ལ་ཞུ་གཏུག་ཡི་གེ་ཞིག་བྲིས་ཏེ། དགའ་བདེ་རྫོང་ཉེན་རྟོག་ཁང་གིས་མོའི་བཟའ་ཟླར་བཟོས་པའི་བསམ་བློ་དང་དཔལ་འབྱོར་གྱི་གྱོང་གུན་ལ་གུན་གསབ་སྤྲོད་དགོས་པ་མ་ཟད། མྱུར་དུ་ཀློད་གྲོལ་གཏོང་དགོས་པ་དང་། ཁོས་རྒྱལ་ཁབ་ཀྱི་ཁྲིམས་སྲུང་སྐྱོབ་བྱས་ནས་ཁོང་འཛིན་བཟུང་བྱས་སྐོར་དང་། མཚོ་སྔོན་ཞིང་ཆེན་དགའ་བདེ་རྫོང་ཉེན་རྟོག་ཁང་དང་རྫོང་སྲིད་གཞུང་གི་ཁྲིམས་འཛིན་ལས་ཁུངས་ཀྱི་ནག་ཚོགས་དེ་དག་གིས། ཏང་གི་མགོ་ཁྲིད་ལ་མི་ཉན་པ་དང་། རྒྱལ་ཁབ་ཀྱི་སྲིད་བྱུས་ཁྲིམས་ལུགས་ལག་བསྟར་མི་བྱེད་པ། གོང་རིམ་ལ་གསང་བ་དང་མི་མང་ལ་མགོ་སྐོར། དེ་བཞིན་ཁྲིམས་མེད་ལུགས་མེད་ཀྱིས་གང་འདོད་ལྟར་དོན་དངོས་རྫུན་བཟོ་ཡིས་གྱོད་དོན་རྫུན་མ་བཟོ་བ་དང་། ཁྲིམས་ལ་གུས་སྲུང་བྱེད་པའི་སྤྱི་དམངས་ལ་མ་ཉེས་ཁ་གཡོག་བྱེད་པ། བོད་རིགས་འབྲོག་པའི་སེམས་ནང་གི་ཏང་དང་སྲིད་གཞུང་གི་གོ་གནས་དང་ཡིད་ཆེས་ལ་གཏོར་བརླག་གཏོང་གི་ཡོད་སྐོར་སོགས་བརྗོད་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། རི་སྐྱེས་སེམས་ཅན་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པའི་ཆ་ནས་ཨ་ཉ་སེང་སྒྲས་ས་གནས་སྲིད་གཞུང་གི་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་གསུག་ལེན་ཐེར་འདོན་དང་ལེགས་བཅོས་གཏོང་ཐབས་དམིགས་འབེན་དུ་བཟུང་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་ནས་ཨ་ཉ་སེང་སྒྲས་ས་གནས་སྲིད་གཞུང་གི་ལྐོག་ཟ་གསུག་ལེན་ཐེར་འདོན་བྱས་པ་དེ་ཁྲིམས་འགལ་ཡིན་རབས་ཀྱི་ནག་ཉེས་བཙུགས་པ་དེས། རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་གཙང་སེལ་ལས་འགུལ་ཟེར་བ་དེ་སྟོང་བཤད་དང་ཚུལ་འཆོས་འབའ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། ལྐོག་ཟ་གསུག་ལེན་ལ་བརྟེན་ནས་དཔལ་འབྱོར་འདུ་འགོད་དང་སྤྱི་ཚོགས་རིག་གཞུང་གི་ཞབས་ཞུའི་ཐོབ་ཐང་ཁག་ལ་དོ་ཕོག་བཟོ་ཡི་ཡོད་པ་རེད། ཅེས་བརྗོད་འདུག

ཡང་ལྟེ་གནས་ཁང་ནས་ཨ་ཉ་སེང་སྒྲ་ལགས་ལ་སྤྱི་ཚོགས་ནང་དཀྲུག་རྐྱེན་བཟོས་པའི་ནག་ཉེས་བཙན་འགེལ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་མྱུར་དུ་གློད་གྲོལ་གཏོང་དགོས་པ། དེ་བཞིན་དུས་འགྱངས་མི་བྱེད་པར་ཁོང་གི་ཁྲིམས་རྩོད་པ་དང་ནང་མིར་འཕྲལ་དུ་ཐུག་འཕྲད་བྱེད་དུ་འཇུག་དགོས་པ། དུས་ཐོག་སྨན་བཅོས་ལྟ་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པ་དང་། དགའ་བདེ་རྫོང་ཉེན་རྟོག་ཁང་དང་གྲོ་ཚང་བཀག་ཉར་ཁང་གཉིས་ནས་ཁོའི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་འགན་ལེན་དགོས་སྐོར་བསྒྲགས་འདུག

ཡང་ཨ་ཉ་སེང་སྒྲའི་བཟའ་ཟླ་གཡང་སྐྱིད་ཀྱིས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༡༤ ནས་ཁོས་དམངས་དོན་གླིང་ཞེས་པའི་ཚོགས་པ་ཞིག་བཙུགས་ཏེ་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་ཡོད་པ་དང་། འདས་པའི་ལོ་ངོ་འདི་དག་རིང་ཁོང་གིས་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་དབང་ཆ་ལོག་སྤྱོད་དང་སྤྱི་དངུལ་སྒེར་ཟ། ཁྲིམས་འགལ་གྱིས་རང་བྱུང་གཏེར་ཁ་སྔོག་འདོན་དང་རྩ་ཆེའི་རི་སྐྱེས་སེམས་ཅན་རྔོན་པ་བཅས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཁོང་ལ་རྒྱབ་སྐྱོར་དང་དགའ་མགུ་ཡི་རངས་བྱེད་ས་ཞིག་ཆགས་ཏེ། ཕྱི་ལོ་ ༢༠༡༤ ལོར་འབྲོག་པ་མང་ཚོགས་ནས་ཨ་ཉ་སེང་སྒྲ་ས་ཁུལ་དེའི་འབྲོག་མིའི་མགོ་ཁྲིད་དུ་བདམས་ཡོད་ཀྱང་། ཕྱི་ལོ་༢༠༠༨ ལོར་ཐག་བཅད་ཟིན་པའི་གྱོད་དོན་ཞིག་ལ་ཁ་གཡར་ཏེ། ཕྱི་ལོ་ ༢༠༡༥ ་ཟླ་ ༡༢ ཚེས་ ༡༤ ཉིན་ཨ་ཉ་སེང་སྒྲ་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་དུས་ཡུན་ལོ་ ༡ དང་ཟླ་ ༡༠ རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ཉིན་ཟི་ལིང་ཏུང་ཁྲན་ (东川) བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༡/༠༩

Leave a Reply