༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་གཏན་འཁེལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཙན་བྱོལ་བོད་མིའི་བྱིས་པ་ཚོའི་མ་འོངས་མདུན་ལམ་ཆེད་སློབ་གྲྭ་གསར་འཛུགས་མཛད་དེ་བོད་ཕྲུག་སྟོང་ཕྲག་མང་པོ་སྐྱེད་སྲིང་བྱུང་བར་བཀའ་དྲིན་རྗེས་དྲན་སླད་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུགའདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་དང་། བཙན་བྱོལ་བོད་མིའི་སིལ་ཚོང་ཚོགས་པ། རྒྱལ་རོང་གཞིས་བྱེས་མི་མང་། དེ་བཞིན། སྐལ་བཟང་དོན་ལྡན་བོད་ཀྱི་གསོ་རིག་སྨན་ཁང་བཅས་ཐུན་མོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གཏན་འཁེལ་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས་སུ་བརྟན་བཞུགས་བསྟར་འབུལ་སྐོར་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། ད་རེས་བརྟན་བཞུགས་འབུལ་དགོས་པའི་རྒྱུ་མཚན་ནི་ཕྱི་ལོ་ ༡༩༥༩ ནས་ད་ལྟའི་བར་གཞིས་ཆགས་ཙམ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཙན་བྱོལ་གྱི་བུ་ཕྲུག་རྣམས་ལ་ཆེད་དུ་སློབ་གྲྭ་གསར་འཛུགས་གནང་སྟེ། ད་སྔ་བར་སློབ་ཕྲུག་མང་པོ་ཞིག་སྐྱེད་སྲིང་བྱེད་ཐུབ་པ་བྱུང་སྟེ། ད་ལྟ་ཁོ་ཚོ་འཛམ་གླིང་ཡུལ་གྲུ་མང་པོའི་ནང་ཁྱབ་སྟེ་ཕྱག་ལས་གནང་གི་ཡོད་པ་རེད། དེར་བརྟེན།  ད་རེས་སློབ་གྲྭའི་སྡེ་ཚན་ཁག་ཡོངས་ནས་༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ་དང་བཀའ་དྲིན་རྗེས་དྲན་ཞུ་ཆེད་བརྟན་བཞུགས་འབུལ་གྱི་ཡོད། ཅེས་བརྗོད་བྱུང་།ཡང་བརྟན་བཞུགས་ནི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་པ་དང་ཆོས་ལུགས་དང་མཐུན་པ་བྱེད་དགོས་སྟབས། བརྟན་བཞུགས་འབུལ་མཁན་ཚོའི་ངོས་ནས་བླ་མའི་ཐུགས་དགོངས་སྒྲུབ་ཆེད་སྐུ་རིམ་ག་རེ་སྒྲུབ་དགོས་པ་༧དཔལ་ས་སྐྱ་ཁྲི་ཆེན་གོང་མ་རིན་པོ་ཆེ་མཆོག་ལ་ཐུགས་དམ་ཞུས་ཡོད་སྐོར་ལ་ཁོང་གིས། ང་ཚོས་༧དཔལ་ས་སྐྱ་ཁྲི་ཆེན་གོང་མ་རིན་པོ་ཆེ་མཆོག་ལ་ཐུགས་དམ་ཞུས་སྐབས། ཐུགས་དམ་ནང་དམ་ཚིག་རྡོ་རྗེའི་གཟུང་བསྔགས་དུང་ཕྱུར་གཅིག་དང་རྩ་གསུམ་ཚོགས་མཆོད་འབུམ་ཐེར་གཅིག་གནང་དགོས་འདུག་གསུངས་ཡོད་པ་རེད། དེར་བརྟེན། རྩ་གསུམ་ཚོགས་མཆོད་འབུམ་ཐེར་དེ་ང་ཚོས་ས་སྐྱའི་ཆོས་སྒར་དུ་བསྒྲུབས་ཟིན་པ་དང་། དམ་ཚིག་རྡོ་རྗེའི་གཟུངས་བསྔགས་གསོག་སྒྲུབ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཚང་མའི་ནང་བསགས་དང་གསོག་བཞིན་པ་ཡིན། ཞེས་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༦ དང་ ༢༨ གཉིས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཆེན་ཐེངས་བདུན་པ་དང་ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་དྷ་རམ་ས་ལར་འཚོག་རྒྱུ་ཡིན་པ་དང་། སྐབས་དེར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཐུབ་ཚབ་དང་ཕ་མ་མང་པོ་ཞིག་དྷ་སར་ཕེབས་ཀྱི་ཡོད་པའི་གོ་སྐབས་དང་བསྟུན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག ད་རེས་བརྟན་བཞུགས་ལ་གོ་སྒྲིག་ཚོགས་ཆུང་གཉིས་ཡོད་པ་ལས་གཙོ་བོ་ཚོགས་པ་ཁག་བཞི་ཐུན་མོང་གི་གོ་སྒྲིག་ཚོགས་ཆུང་ཞིག་དང་གཞན་དེ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སྡེ་ཚན་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༡/༡༠

Leave a Reply

One thought on “༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་གཏན་འཁེལ།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    བརྟན་བཞུགས་ཀྱི་སྙིང་པོ་རྒྱལ་བའི་བཀའ་དགོང་སྒྲུབ་རྒྱུ་དང་ནང་ཁུལ་མཐུན་
    ལམ་དང་ཆིག་སྒྲིལ་དགོས་རྒྱུ་དེ་ཡིན་ན་བསམ་ཡོད་བོད་མི་ཚང་མས་དེ་དོན་
    དགོང་པར་མངའ་བ་མཁྱེེེན་་་་མཁྱེེེན་་་་མཁྱེན།