རྒྱ་ནག་གཞུང་ལ་གྲོགས་པོ་ཞེས་འབོད་པའི་ཐོབ་ཐང་ང་ཚོ་ལ་མེད།

སྟག་ཚང་རིག་རྒོད།

མཆོག་ཏུ་བཀུར་འོས་བོད་མི་མང་སྤྱི་འཐུས་ཤར་ཕྱོགས་ཁུག་རྟ་ལགས་ནས་ཉེ་ཆར་ཡོངས་གྲགས་ཐོག་ “རྒྱ་ནག་གཞུང་ལ་དགྲ་བོ་ཞེས་མི་འབོད་པ་ཡིན་”ཞེས་པའི་རྩོམ་ཡིག་ཅིག་སྤེལ་བར་སྐབས་དེར་མཆན་གྱི་ཚུལ་དུ་རང་གི་བསམ་ཚུལ་སྙིང་བསྡུས་ཙམ་ཞུ་རྒྱུ་བྱུང་བ་དང་། ཡུན་རིང་ཞིག་ལ་བསམ་བློའི་ནང་ཁྱེད་ཀྱི་སྐད་ཆ་འདི་དག་ཡང་ནས་བསྐྱར་དུ་འཁོར་ཏེ་བསྲན་མི་ཚུགས་པའི་ཚོད་དུ་གྱུར་བས། བཀུར་འོས་གང་ཉིད་ལ་ཆེས་ཐ་མལ་བ་ངས་འདི་ནས་“རྒྱ་ནག་གཞུང་ལ་གྲོགས་པོ་ཞེས་འབོད་པའི་ཐོབ་ཐང་ང་ཚོ་ལ་མེད་”ཅེས་བརྗོད་འདོད་བྱུང་།

ཁྱེད་ཀྱིས་སྤེལ་བའི་རྩོམ་ཡིག་ཚན་པ་དང་པོའི་ནང་དུ་འདི་ལྟར་གསལ་འདུག་སྟེ་ “ང་ཚོ་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གནང་མཁན་ཚོས་རྒྱ་ནག་གཞུང་ལ་དགྲ་བོ་རྒྱ་ནག་གཞུང་ཞེས་མི་འབོད་པ་དང་། རྒྱ་ནག་གི་སྲིད་འཛིན་གྱི་པར་དང་རྒྱལ་དར་མེར་སྲེག་བྱེད་པ་སོགས་མ་གནང་ན་ཡག དེ་ནི་ང་ཚོས་འདས་པའི་ལོ་རྒྱུས་ནས་ད་ལྟའི་བར་རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱས་པའི་སྡུག་རྩུབ་ཅན་དང་སྐྱི་གཡའ་བའི་སྲིད་བྱུས་རྣམས་བརྗེད་སོང་པའི་དོན་མིན། གཟི་བརྗིད་ལྡན་ཞིང་ལོ་རྒྱུས་རིང་བ། རིག་གནས་ཕུན་སུམ་ཚོགས་པ་ཅན། ས་ཁམས་ཀྱི་ཆ་ནས་ཁྱིམ་མཚེས་ཡིན་པའི་ནང་པའི་མི་རིགས་གལ་ཆེན་གཉིས་བར་མ་འོངས་བར་ཞི་མཐུན་དང་། མི་གསོད་ཁྲག་སྦྱོར་འགོག་ཐབས་ཆེད་ད་ལྟ་ནས་འཕྲལ་ཕུགས་གཉིས་ལ་དགེ་ཕན་ལྡན་པའི་ཡང་དག་པའི་ལངས་ཕྱོགས་ཤིག་འཛིན་གྱི་ཡོད་པ་མ་གཏོགས། སྐྲག་མི་དགོས་ས་ནས་ཁ་ཕོ་སྒྲོག་མ་ཐུབ་པ། གནད་མ་ཤེས་མཚམས་ནས་གང་བྱུང་ལབ་མ་ནུས་པ་ག་ལ་ཡིན།”ཞེས་འཁོད་འདུག་ཅིང་། ཚན་པ་འདིའི་ནང་དོན་དང་པོ་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད་པ་ནི་བཀུར་འོས་བོད་མི་མང་གི་སྤྱི་འཐུས་མཆོག་ནས་རྒྱ་ནག་གཞུང་ལ་ “བློ་མཐུན་”ནམ་ཡང་ན་ “གྲོགས་པོ་” ཞེས་འབོད་འདོད་དམ།མཆོག་ཏུ་བཀུར་འོས་བོད་མི་མང་གི་སྤྱི་འཐུས་མཆོག་ནི་བོད་མི་འཆི་གསོན་སྤྱི་ཡི་འཐུས་ཚབ་ཡིན་པར་སོང་། ཞིང་གཤེགས་དམ་པ་ཁྲི་ཚོ་འགའ་ཞིག་གི་དཀའ་སྡུག་དང་། འབད་བརྩོན། བློས་གཏོང་སོགས་རང་ཁར་སྣང་མེད་དུ་འཇོག་ནུས་སམ། རྒྱ་ནག་གཞུང་གིས་བོད་ཀྱི་སྣོད་བཅུད་གཉིས་ལ་གདུག་རྩུབ་དང་མནར་གཅོད་ཅི་ཙམ་བཏང་བ་འདི་དག་བཀུར་འོས་བོད་མི་མང་གི་སྤྱིའཐུས་མཆོག་ནས་བརྗེད་མེད་ན་དེ་ལ་དགྲ་བོ་ཞེས་འབོད་མི་རུང་བའི་གནད་གང་ལ་ཐུག་འདུག་གམ། གཟི་བརྗིད་ལྡན་ཞིང་ལོ་རྒྱུས་ཡུན་རིང་བ། རིག་གནས་ཕུན་སུམ་ཚོགས་པའི་ནང་པའི་མི་རིགས་གཉིས་ཀྱི་དབར་མི་གསོད་ཁྲག་སྦྱོར་གྱི་བྱ་བ་ཞིག་མི་ཡོང་བའི་སླད་དུ་རང་ཉིད་ཀྱི་དགྲ་བོར་གྲོགས་པོ་ཞེས་འབོད་དགོས་པའི་ངེས་པ་ཡོད་དམ། མ་འོངས་པའི་གསལ་ལ་མི་གསལ་གྱི་དམིགས་འདུན་ཞིག་གི་སླད་དུ་འདས་ཟིན་པའི་མེས་པོ་དམ་པ་དག་གི་དཀའ་སྤྱད་དང་། ང་ཚོ་ལ་རག་པའི་གྱོང་གུད་རྣམས་སྣང་མེད་དུ་འཇོག་དགོས་པ་རེད་དམ། འཚེ་མེད་ཞི་བའི་ལམ་ནས་དགྲ་བོ་ལ་དགྲ་བོ་ཞེས་བོསནས་རང་ཉིད་ལ་དབང་བའི་སྣོད་བཅུད་གཉིས་རང་བདག་རང་བཟུང་བྱེད་པའི་དབང་ཆ་འཚེ་མེད་ཞི་བའི་ལམ་ནས་བརྩད་ན་དེ་ལ་ནོངས་པའི་ཆ་ཅི་ཞིག་མཆིས་སམ། སྐྲག་མི་དགོས་ས་ནས་ཁ་ཕོ་སྒྲོག་མ་ཐུབ་པ་མིན་ལ། བོད་ཀྱི་རིག་གནས་ལོ་རྒྱུས་དང་བཅས་པར་མཁྱེན་རྒྱ་ཆེ་ན་ཁྱེད་ཀྱིས་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་དངོས་ཡོད་དཔང་པོར་བཞག་ནས་རྒྱ་ནག་གཞུང་ལ་བོད་བོད་དང་རྒྱ་རྒྱ་ཡིན་པའི་བདེན་དཔང་ཕྱག་རྩོམ་སྤུས་ལེགས་དེ་འདྲ་མི་སྤེལ་བའི་གནད་དཀའ་གང་ལ་ཐུག་ཡོད་དམ། བོད་མི་རིགས་འདི་ལ་རང་རང་གི་ཐུན་མིན་ཁྱད་ཆོས་ལྡན་ལ། རང་ས་རང་བདག་གི་ལོ་རྒྱུས་གཟི་བརྗིད་ལྡན་པ་འདི་འདྲ་ཡོད་མྱོང་བ་དང་། འདས་པའི་མི་ལོ་དྲུག་བཅུ་ལྷག་གི་ནང་སྤུན་ཟླ་ཁྲི་ཚོ་མང་པོས་ལྷན་དུ་འབོད་མྱངས་བའི་འབོད་སྒྲ་དེ་དག་སྙིང་ལ་བཅངས་ནས་ཁོང་ཚོའི་ལངས་ཕྱོགས་ལས་བརྒལ་བའི་བྱ་བ་ཞིག་རྩོམ་པའི་དབང་ཚད་སྐུ་ཉིད་ལ་ཡོད་དམ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་ཁྲིད་པའི་བཙན་བྱོལ་བོད་འབངས་ཡོངས་དང་ཁྱད་པར་གཞིས་བཞུགས་སྤུན་ཟླ་དག་གིས་དགྲ་བོའི་མདུན་ནས་དཔའ་མ་ཞུམ་པར་དགྲ་བོ་ལ་དགྲ་བོ་ཞེས་བོས་ནས་བདེན་པའི་དར་ཆེན་མཐོ་སར་བསྒྲེངས་ཏེ་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་འཚེ་མེད་ཞི་བའི་ལམ་ནས་རྩོད་ཀྱིན་པ་ལས། རྒྱ་ནག་གཞུང་གྲོགས་སུ་བྱས་ནས་དེ་ལ་མགོ་བཏགས་ཏེ་ཀྲུང་གོ་གུང་ཁྲན་བཏང་གིས་ཅི་བཤད་ཉན་ནུས་པའི་ཆེས་ཐ་ཤལ་གྱི་བསམ་པ་ཞིག་བཟུང་ཡོད་པ་མ་ཡིན་པས། ང་ཚོའི་འཐབ་རྩོད་ནི་འདྲ་སྙམ་ཀྱི་འཐབ་རྩོད་ཅིག་ཡིན་པ་དང་། ང་ཚོའི་དམིགས་འདུན་ནི་ཞིང་གཤེགས་སྤུན་ཟླ་ཁྲི་ཚོ་མང་པོའི་སྨོན་ལམ་བསྒྲུབ་རྒྱུ་དང་། གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་དག་མཉམ་འཛོམས་ཀྱིས་རང་ས་རང་གིས་བཟུང་བའི་དུས་སྐབས་ཤིག་ལ་འབད་བརྩོན་བྱེད་ཀྱིན་པ་ལས་དམག་འཐབ་དང་། རྒོལ་རྡུང་ལ་བརྟེན་ནས་བདེན་པ་རྩོད་པའི་ཐབས་ཇུས་དབུ་མའི་ལམ་དང་འཚེ་མེད་ཞི་བའི་དགོངས་དོན་མ་ཡིན་ལ། དེའི་རྒྱ་ལས་འདས་པའི་ཐབས་ཇུས་ལག་བསྟར་བྱེད་མི་ནི་སུ་ཡང་མེད་པས་སོ།།

གཞན་ཡང་བཀུར་འོས་བོད་མི་མང་གི་སྤྱི་འཐུས་མཆོག་ནས་འདི་ལྟར་གསུངས་འདུག་སྟེ། “དེང་གི་རྒྱ་ནག་གཞུང་ལ་ཁོང་ཁྲོའི་ཚོར་བ་གཅིག་པུས་ཁ་གཏད་ནམ་ཡང་མི་ཆོག་པ་གསལ་པོར་གྱུར་ཟིན། ཁོང་ཁྲོ་དང་ལ་རྒྱ་བསྲེས་མའི་ཁ་ཕོ་སྒྲོག་མཁན་ཚོས་དང་པོར་བོད་ཀྱི་སྐད་ཡིག རིག་གནས། ལོ་རྒྱུས་སོགས་ལ་སྦྱངས་པ་ལེགས་པར་བྱས་ཏེ་རང་ཉིད་བོད་མི་ཚད་ལྡན་ཞིག་བཟོས་རྗེས་གཞི་ནས་བསམ་བློ་ཞིག་ཐོངས་དང་། ངས་ནི་མཚམས་རེར་འདི་ལྟར་ཡང་དྲན་ཏེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་བཀའ་ཤག་བཙན་བྱོལ་དུ་བྲོས་པའི་གྲུབ་འབྲས་ཕྱོགས་མང་པོ་ནས་གླེང་ཐུབ་པ་ནི་ཞུ་ག་ལ་དགོས། དེའི་ནང་ཕྱོགས་གཅིག་གི་ངོས་ཏེ་༧གོང་ས་མཆོག་གི་མཛད་འཕྲིན་ཤར་ནུབ་འཇིག་རྟེན་གཉིས་ཀར་ཁྱབ་པ་དང་འབྲེལ་བོད་དང་བོད་ཀྱི་རིག་གནས་ཀྱི་ངོས་འཛིན་མ་འདྲ་བ་ཞིག་བྱུང་བ་ནི་ཧ་ཅང་རླབས་ཆེན་གྱི་བྱས་རྗེས་ཤིག་རེད། དེ་སྔ་ང་དགུའི་གོང་གི་བོད་ཀྱི་གནས་ཚུལ་ཁྱིམ་མཚེས་གཡས་གཡོན་ཙམ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོ་ཡག་པོ་ཞིག་དང་གསལ་བོ་ཞིག་ཤེས་མེད་པ། བོད་མ་ཤོར་གོང་དགའ་ལྡན་ཕོ་བྲང་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་བོད་དོན་ཞུ་སྐུལ་གནང་བའི་གནས་བབ་ལས་ཤེས་ཐུབ་པ་ཞིག་རེད། དེ་དུས་ཁོང་ཚོས་གཙོ་བོ་བོད་ལ་གཟི་བརྗིད་ཅི་ཞིག་ལྡན་པ་དང་བོད་གསོན་པོར་གནས་དགོས་པའི་རྒྱུ་མཚན་མངོན་པར་གསལ་བ་ག་རེ་ཡོད་མེད་ལ་ལྟ་ཞིབ་བྱེད་བཞིན་པ་རེད།”ཅེས་གསུངས་འདུག དུམ་ཚན་འདིའི་ནང་དོན་སྙིང་པོ་ཆེན་པོ་ཞིག་མི་འདུག་ཀྱང་། རང་བཙན་འཐབ་རྩོད་པ་དང་ཁྱད་པར་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་པ་རྩོད་མཁན་དག་གིས་ཁོང་ཁྲོ་ཙམ་ལ་བརྟེན་ནས་འཐབ་རྩོད་བྱེད་ཀྱིན་པ་ཞིག་རྩ་བ་ནས་མིན། ལ་རྒྱ་ནི་ལོས་ཡོད། མི་རིགས་རིག་གནས་དང་བཅས་པར་ལར་ཞེན་མེད་ཚེ་མི་དེ་ཧ་ལམ་བེད་མེད་དུ་གྱུར་ཟིན་པ་རེད། དེ་བས་ཀྱང་ང་ཚོ་ཤུལ་ལུས་སྤུན་ཟླ་དག་གིས་རྒྱ་ནག་གཞུང་ལ་ཁོང་ཁྲོ་ཡོད་པ་ཙམ་དུ་མ་ཟད་ཁོང་ཁྲོ་ཆེན་པོ་ཡོད་ཅིང་། འདི་ནི་འཇིག་རྟེན་སྐྱོང་བའི་མི་ཞིག་གི་ངོས་ནས་ངེས་པར་དུ་ཡོད་དགོས་པའི་འདུ་ཤེས་ཤིག་ཡིན་ཞིང་། དགྲ་བོ་དགྲ་བོར་མི་ཤེས་པ་དང་དགྲ་བོ་ལ་དགྲ་བོར་འབོད་མི་ནུས་པ་ནི་ཆེས་ཡིད་སྐྱོ་བའི་འཆི་མ་གསོན་གྱི་འདུ་ཤེས་ཤིག་རེད།  བོད་ཀྱི་རྩ་དོན་རྩོད་པར་བོད་ཀྱི་ཆོས་དང་རིག་གནས་ལ་སློབ་གཉེར་བྱེད་དགོས་ཟེར་བ་ལོས་བདེན། གཞན་༸གོང་ས་མཆོག་གི་མཛད་འཕྲིན་དང་དུས་སྐབས་སྔ་ཕྱིར་རྒྱལ་སྤྱིའི་ཐོག་ནས་བོད་དུ་འཛིན་པའི་ལྟ་ཚུལ་སོགས་ཀྱི་སྐོར་ནི་འདིར་དེ་ཙམ་གལ་མི་ཆེ་བས་དེ་ལ་མོས་པ་ལས་དགག་བྱ་གང་ཡང་མེད།  བོད་ཀྱི་ཆོས་དང་རིག་གནས་ལ་སློབ་གཉེར་བྱས་ནས་རང་ཉིད་ཀྱི་རྐང་པ་རང་ཉིད་ཀྱི་རིག་གནས་ཐོག་ལ་བརྟན་པོར་བཙུགས་རྗེས་རྒྱལ་སྤྱིའི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་དགོས་པའི་བསླབ་བྱ་དེར་ཡང་ཕྲན་ནས་མོས་པ་ཡོད། བཀུར་འོས་གང་ཉིད་ཀྱིས་འདས་པའི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དང་། ཁྱད་པར་ཉེ་རབས་ངག་རྒྱུན་ལོ་རྒྱུས་སོགས་རྒྱ་དམག་བོད་དུ་འབྱོར་བའི་སྐོར་གྱི་ཡིག་ཆ་རི་རབ་ལྟར་བརྩེགས་ནས་ཡོད་པ་དེ་དག་ལ་ཞིབ་ཀློག་གནང་ཡོད་ཚེ། དེ་བས་ཀྱང་རྒྱ་ནག་གཞུང་ལ་དགྲ་བོ་ཞེས་མི་འབོད་ཐབས་མེད་དང་། གྲོགས་པོ་ཞེས་འབོད་པའི་ཐོབ་ཐང་ང་ཚོ་ལ་མེད་པའི་དངོས་ཡོད་ཀྱི་སེམས་ཚོར་ཞིག་འཁྲུངས་ངེས་ཀྱང་དེ་ལྟར་མེད་པ་ནི་ཡིད་སྐྱོ་བ་ཞིག་རེད།

གཞན་ཡང་མཆོག་ཏུ་བཀུར་འོས་བོད་མི་མང་གི་སྤྱི་འཐུས་མཆོག་ནས་ “ད་ལྟ་ལོ་དྲུག་ཅུ་བརྒལ་བའི་བཙན་བྱོལ་ལོ་རྒྱུས་ལ་ཕྱིར་ལྟ་བྱས་སྐབས། བོད་ཀྱི་གཟི་བརྗིད་དང་བོད་གསོན་པོར་གནས་དགོས་པའི་རྒྱུ་མཚན་རི་རབ་ལྟ་བུ་རྒྱལ་སྤྱིའི་སྒང་མངོན་པར་གསལ་བར་འཛུགས་མཁན་༧གོང་ས་མཆོག་ཁོ་ན་རེད། ༧གོང་ས་མཆོག་བཙན་བྱོལ་དུ་བདེ་འབྱོར་བྱུང་བ་དང་གཞིས་ལུས་རྒྱ་ཆེ་མི་མང་ལ་སྐད་ཅིག་ཙམ་ལའང་བློས་སྟོང་མ་གནང་བའི་མཛད་འཕྲིན་ནར་མུར་བསྐྱངས་འབྲས། དེང་སང་བོད་དང་བོད་མི་རིགས་གཉིས་ཀ་འཛམ་གླིང་མི་གྲལ་དུ་ཚུད་པ་མ་ཟད་འགྲོ་བ་མིར་དགོས་ངེས་ཅན་གྱི་གནས་ཚུལ་མང་པོའི་ཐད་དཔུང་པ་མཉམ་གཤིབ་དུའང་སྐྱོད་ཐུབ་ཀྱི་ཡོད། འདི་དག་ཐམས་ཅད་བཙན་བྱོལ་དུ་འབྱོར་བའི་གྲུབ་འབྲས་ཆེ་གྲས་རེད། དེའི་ཆ་ནས་བོད་བཙན་བཟུང་བྱས་མེད་ན་གནས་ཚུལ་འདི་འདྲ་བྱུང་ཐུབ་མིན་ཚིག་ཐག་གཅོད་རྒྱུར་དུས་གསུམ་གསལ་བར་གཟིགས་མཁན་ཞིག་ལ་འདྲི་དགོས་ཀྱང་། ང་ཚོའི་ཤའི་མིག་གིས་མཐོང་བ་ནི་རྐྱེན་ངན་གྲོགས་ཤར་རང་རེད་སྙམ། དེ་ལྟར་ལྷོད་ལྷོད་དང་གཟུ་བོར་གནས་ཏེ་བསམ་བློ་བཏང་ན་རྒྱ་ནག་གཞུང་ལ་ཁོང་ཁྲོ་བསྲན་མི་ཐུབ་པ་ཞིག་སྐྱེ་དགོས་དོན་ག་ལ་ཡོད། དགྲ་བོ་ཞེས་འབོད་པའི་ཚོར་བ་ཙམ་ལ་མེ་སྦར་དོན་མེད་པ་ཤེས་གསལ་རེད།”ཅེས་གསུངས་འདུག་པས། དེ་ལ་བསམ་ཚུལ་འགའ་ཞིག་བརྗོད་འདོད་ཆེན་པོ་བྱུང་། བོད་མི་མང་གི་སྤྱི་འཐུས་མཆོག་ནས་མི་ལོ་དྲུག་བཅུ་ལ་ཕྱིར་སྤྱན་གྱིས་གཟིགས་སྐབས་ད་ལྟའི་བར་བོད་མི་གོ་ལ་འདིའི་ཐོག་གསོན་པོར་གནས་ཐུབ་པ་འདི་ནི་༸གོང་ས་མཆོག་ཉག་ཅིག་གི་ཐུགས་རྗེའི་སྐུ་དྲིན་ལས་བྱུང་བ་ཡིན་ཞེས་གསུངས་འདུག་པར་ངས་དེ་དེ་བཞིན་ནོ་ཞེས་ཟེར་རྒྱུ་ལས་གཞན་ཅི་ཡང་མེད། འོན་ཀྱང་དུམ་ཚན་འདིའི་ནང་ནས་སྐད་ཆ་གཉིས་ལ་བསམ་བློ་ཡང་བསྐྱར་གཏོང་རོགས་ཞུ་འདོད་བྱུང་། དང་པོ། “བོད་བཙན་བཟུང་བྱས་མེད་ན་གནས་ཚུལ་འདི་འདྲ་བྱུང་ཐུབ་མིན་ཚིག་ཐག་གཅོད་རྒྱུ་”ཞེས་སོགས་གསུངས་འདུག་པར་གོ་བ་ལེགས་པར་བླངས་ན། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གནས་བོད་མིའི་ངོ་བོ་དང་བཅས་པ་རྒྱལ་སྤྱིའི་ཐོག་གྲགས་ཆེ་བ་བྱུང་བ་ཡིན་ཚུལ་གསུངས་འདུག་པར། གློ་བུར་བའི་རྐྱེན་ལྟ་བུར་བརྩི་ལོས་ཆོག་ཀྱང་། དུས་རབས་ཉི་ཤུ་པའི་ནང་ཙམ་ནས་འཛམ་གླིང་སྤྱིའི་འབྲེལ་བ་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་བ་ཡིན་པས། ད་ཡོད་འཛམ་གླིང་གི་རིག་གནས་རླབས་ཆེན་ལྡན་པའི་མི་རིགས་སུ་འདྲ་ཞིག་ཡིན་རུང་རྒྱལ་སྤྱིའི་ཐོག་གོ་ས་གང་ཙམ་མ་བཟུང་བ་ཞིག་མེད་ཕྱིར། རྒྱ་ནག་གིས་བོད་ས་བཙན་བཟུང་མ་བྱས་ཀྱང་བོད་ཀྱི་ཆོས་དང་རིག་གནས་རྒྱལ་སྤྱིའི་ཐོག་དར་ཁྱབ་དུ་འགྲོ་བར་ཐེ་ཚོམ་མི་དགོས་སྙམ།

གཉིས་པ། “དེ་ལྟར་ལྷོད་ལྷོད་དང་གཟུ་བོར་གནས་ཏེ་བསམ་བློ་བཏང་ན་རྒྱ་ནག་གཞུང་ལ་ཁོང་ཁྲོ་བསྲན་མི་ཐུབ་པ་ཞིག་སྐྱེ་དགོས་དོན་ག་ལ་ཡོད། དགྲ་བོ་ཞེས་འབོད་པའི་ཚོར་བ་ཙམ་ལ་མེ་སྦར་དོན་མེད་པ་ཤེས་གསལ་རེད།”ཅེས་གསུངས་འདུག་པར། གོང་གི་གནད་ཆེ་བའི་གང་ཉིད་ཀྱི་གསུང་དྲངས་པ་དེའི་རྒྱབ་རྟེན་ལྟ་བུར་གྲུབ་འདུག་ཅིང་། སྐུ་ཉིད་ནས་གནད་དོན་འདི་ལ་ལྷོད་ལྷོད་དང་གཟུ་བོར་གནས་པའི་ཐུགས་དགོངས་ཞིག་བཞེས་ཡོད་དམ་སྙམ་ནས་དོགས་པ་སྐྱེས་བྱུང་། གང་ཡིན་ཟེར་ན་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་མཇུག་འབྲས་ནི་བོད་ཀྱི་ཆོས་དང་རིག་གནས་འཛམ་གླིང་ཐོག་དར་ཁྱབ་བྱུང་བ་ལས་ལྡོག་ཏེ། ང་དགུའི་ལོ་ནས་བཟུང་དགོན་སྡེ་རེ་རེའི་ནང་དུ་ཡང་སྐྱེས་ཆེན་དམ་པ་བརྒྱ་ཕྲག་མང་པོའི་རིག་པའི་སྙིང་བཅུད་ལས་བྱུང་བའི་བརྩམས་ཆོས་ཁྲི་ཚོ་འབུམ་ཚོ་བརྒལ་བ་མེར་སྲེག་བཏང་ཡོད་ཅིང་། འདི་དག་མེར་སྲེག་བཏང་བ་འདི་བོད་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་སུ་ཕྱིན་པའི་ཁོངས་སུ་མི་འགྲོ་བར་རིག་གནས་རྩ་ཆེན་གཏོར་བརླག་བཏང་བའི་ཁོངས་སུ་འགྲོ་བ་བཀུར་འོས་སྤྱི་འཐུས་མཆོག་ནས་མཁྱེན་གསལ་ལགས། གཞན་ཡང་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་རྩ་གཏོར་དུ་བཏང་བ་དེ་དག་གང་ལ་འཇོག་དགོས་སམ། མི་ལོ་བཅུ་ཕྲག་མང་པོར་དཀའ་བ་ཁྱད་བསད་ཀྱིས་རིག་པའི་གནས་ལ་བྱང་ཆུབ་པའི་མེས་པོ་སྟོང་ཕྲག་མང་པོ་དང་། དེའི་རྗེས་སུ་འཇུག་པའི་སྤུན་ཟླ་ཁྲི་ཚོ་མང་པོའི་ཚེ་སྲོག་རྒྱ་ནག་གཞུང་གི་མེ་མདའ་དང་འབར་རྫས་ཀྱི་འོག་ནས་ཁོང་ཁྲོའི་མིག་ཟུང་ཧྲིལ་ཧྲིལ་དུ་གཟིགས་བཞིན་གཤེགས་སོང་བ་དེ་དག་ལ་སྐུ་ཉིད་ནས་ལྷོད་ལྷོད་དང་གཟུ་བོར་གནས་པའི་སྒོ་ནས་ཐུགས་བསམ་བཞེས་མ་མྱོང་ངམ། བཀུར་འོས་སྤྱི་འཐུས་ལགས། སྐུ་ཉིད་སྤྱི་འཐུས་ཀྱི་ཞབས་སྟེགས་དེའི་ཐོག་བཞུགས་པ་དང་སྤུན་ཟླ་ཞིང་གཤེགས་དང་འཚོ་ཞིང་གཞེས་པ་དག་གི་སྙིང་ནད་དེ་དག་གི་སླད་དུ་འཐབ་རྩོད་ཅིག་བྱེད་ཐུབ་ན་སྙམ་པའི་རེ་བ་ཆེན་པོ་ཆེན་པོ་ཞིག་འཆང་ཡོད་པ་སྐུ་ཉིད་ནས་མཁྱེན་ཚོར་བྱུང་ངམ།

ཡང་མཆོག་ཏུ་བཀུས་འོས་བོད་མི་མང་གི་སྤྱི་འཐུས་མཆོག་ནས་ “གཉིས་ནས་འཚེ་མེད་ཞི་བ་དང་མི་གསོད་ཁྲག་སྦྱོར་གཉིས་ཀའི་དགེ་སྐྱོན་ལ་ངེས་པར་དུ་བསམ་བློ་གཏོང་ཤེས་དགོས་པ་རེད། ཉེ་བའི་ལོ་འདི་གའི་སི་རི་ཡའི་ནང་གི་དོན་རྐྱེན་ལ་གཟིགས་དང་། རང་སྟེང་དུ་དེ་འདྲ་ཞིག་ཡོང་ན་བཟོད་སྲན་ཐུབ་ས་རེད་དམ། དམག་འཁྲུག་ནི་འཚེ་བ་དང་ཁོང་ཁྲོའི་བྱ་སྤྱོད་ལ་བརྟེན་ནས་འབྱུང་གི་ཡོད་པ་༧གོང་ས་མཆོག་གིས་རྟག་ཏུ་གསུངས་ཤིང་། ད་ལྟའི་རྒྱ་ནག་གཞུང་ལ་དགྲ་བོ་ཞེས་ཞེ་སྡང་ཆེན་པོས་བསྒྲགས་ཤིང་བོས་ན། མགོ་ཁྲིད་ཚོས་ཅི་བསམ་གི་རེད། མི་མང་གིས་ཅི་བསམ་གི་རེད།ང་ཚོ་བོད་མི་རིགས་འདི་གསོན་པོར་གནས་དགོས་དོན་དང་གནས་པའི་རིམ་པ་ཡང་བདེ་འཇགས་མེད་པ། མི་ཤི་རྟ་འགྱེལ་རྒྱུན་མི་ཆད་པ། ཞེད་སྣང་དང་དོགས་ཟོན་གྱིས་ཁེངས་པའི་རྒྱུ་རྐྱེན་རྣམས་འགོག་ཐུབ་པའི་གདེང་ཚོད་དང་འཆར་གཞི་གང་ཡང་མེད་པར་འཚེ་བ་ཅན་གྱི་ཚིག་ཙམ་སྤྱད་དེ་གཞན་ལ་ཁོང་ཁྲོ་བསླངས་བསྡད་ན་སྙིང་བོ་ཅི་ཞིག་འདུག་གམ། དེའི་ཆ་ནས་འཚེ་མེད་ཞི་བའི་ལག་ལེན་ལ་ཡིད་ཆེས་བློས་འགེལ་བྱེད་དགོས་པའི་ཉམས་མྱོང་དང་བསླབ་བྱ། ཁེ་ཕན་བཅས་ལ་ངེས་པར་ངོས་འཛིན་བརྟན་ཚུགས་པ་ཞིག་རྙེད་དགོས་པ་འཕྲལ་ཡུན་ཀུན་ཏུ་དགེ་བ་ཆེ་སྟབས། དགྲ་བོ་ཞེས་འབོད་པ་ལ་དགེ་བ་ཏིལ་འབྲུ་ཙམ་མེད་པ་དེ་ལྟར་རེད།”ཅེས་གསུངས་འདུག  འཚེ་མེད་ཞི་བ་དང་མི་གསོད་ཁྲག་སྦྱོར་གཉིས་ཀྱི་དགེ་སྐྱོན་ལ་ཁྱད་པར་ཆེན་པོ་ལྡན་མོད། ད་ལྟའི་བོད་ཀྱི་གཞིས་བྱེས་གང་དུ་ཉིན་མཚན་ཀུན་ཏུ་བལྟས་ཀྱང་མི་གསོད་ཁྲག་སྦྱོར་གྱི་ལས་རྩོམ་མཁན་ཞིག་མི་འདུག་ལ། རང་ཉིད་ཀྱི་དགྲ་བོ་ལ་དགྲ་བོ་ཞེས་འབོད་པ་ཙམ་འཚེ་བ་དང་དྲག་སྤྱོད་ཀྱི་ཁོངས་སུ་འགྲོ་མི་སྲིད་པས། སྐུ་ཉིད་ཀྱང་སྐུ་ལྷོད་ལྷོད་ངང་བཞུགས་ཆོག་པ་འདུག་ཅེས་ཞུ་རྒྱུ་དང་། རྒྱ་ནག་གཞུང་ལ་དགྲ་བོར་འབོད་པ་འདི་མི་གསོད་ཁྲག་སྦྱོར་གྱི་ལས་ཤིག་ལ་ངོས་འཛིན་གནང་གི་ཡོད་ན་ནོར་བ་རེད་ཅེས་ཞུ་རྒྱུ་ཡིན། དགྲ་བོ་ཞེས་པ་ནི་རང་གི་ཁ་གཏད་ལ་གོ་དགོས་ཤིང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་ང་ཚོའི་བདག་དབང་ཡོངས་སུ་འཕྲོགས་སོང་བ་དེ་ཉིད་ཕྱིར་སྤྲོད་དགོས་པའི་འབོད་སྒྲ་སྒྲོག་གིན་ཡོད་ལ། དེའི་སླད་དུ་སྐུ་ཉིད་ཀྱང་སྤྱི་འཐུས་གྲོས་ཚོགས་ནང་ཕེབས་པ་རེད། དེས་ན་རང་ཉིད་ཀྱི་ཡོད་ཚད་འཕྲོག་མཁན་དེར་དགྲ་བོ་མ་ཟེར་ན་ཅི་ཞིག་ཟེར་དགོས་སམ། ང་ཚོ་བོད་ཀྱི་སྣོད་བཅུད་གཉིས་ཀ་འཕྲོག་མཁན་དེར་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱས་དང་བྱེད་བཞིན་པ་ཡིན་ཞིང་། འཐབ་རྩོད་བྱ་ཡུལ་ནི་རྒྱ་ནག་གཞུང་ཡིན་པས། རྒྱ་ནག་གཞུང་ང་ཚོའི་དགྲ་བོ་ངོ་མ་དེ་རེད། དེ་ལ་དགྲ་བོ་ཞེས་མི་འབོད་པར་གྲོགས་པོ་ཞེས་འབོད་ན་འོས་འཚམས་རེད་དམ། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་ཁོང་ཚོ་ནི་ང་ཚོའི་དགྲ་བོ་ཡིན་པ་དང་།ཡིན་པའི་རྒྱུ་མཚན་ཤེས་སུ་འཇུག་དགོས། དེ་ལས་ཀྱང་གལ་ཆེ་བ་ནི་རྒྱ་ནག་མི་མང་ལ་རྒྱ་ནག་གཞུང་འདི་ང་ཚོ་བོད་མི་རིགས་ཀྱི་དགྲ་བོ་ཡིན་པའི་གསལ་བཤད་ཀྱིས་ངོས་འཛིན་ཐུབ་པ་བྱེད་དགོས། འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ནས་ཀྱང་ཕྱག་བསྟར་གནང་དང་གནང་མུས་སུ་མཆིས་པ་སྟེ། རྒྱ་ནག་མི་མང་ལ་འབྲེལ་བ་ཡོང་ཐབས་བྱས་ནས་བོད་ཀྱི་གནས་སྟངས་དངོས་དེ་ཉིད་ངོ་སྤྲོད་བྱེད་ཀྱིན་པ་མ་ཡིན་ནམ། རྒྱ་ནག་མི་མང་དང་རྒྱ་ནག་གི་དབུ་ཁྲིད་དག་གིས་མི་ལོ་དྲུག་བཅུའི་གོང་དེར་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་དང་། བོད་མི་ཁྲི་ཚོ་མང་པོ་དམར་གསོད་བཏང་བ་སོགས་ཀྱི་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་པ་བྱེད་དགོས་པ་འདི་ནི་ང་ཚོའི་འཐབ་རྩོད་ལ་གྲུབ་འབྲས་སྨིན་པའི་རྒྱབ་རྟེན་གཙོ་བོ་ཞིག་ཡིན་པ་བཀུར་འོས་སྤྱི་འཐུས་མཆོག་ནས་མཁྱེན་མ་བྱུང་ངམ།  སྐུ་ཉིད་ནས་ “དགྲ་བོ་ཞེས་འབོད་པ་ལ་དགེ་བ་ཏིལ་འབྲུ་ཙམ་ཡང་མེད་པ་དེ་ལྟར་རེད་”ཅེས་གསུངས་འདུག་པས། དེ་ལྟར་གསུང་རྒྱུ་ཨ་ཡོད་སྙམ། མི་ལོ་དྲུག་བཅུའི་ནང་བོད་མི་འཐབ་རྩོད་པ་དག་གིས་རྒྱ་ནག་གཞུང་ལ་དགྲ་བོ་ཞེས་འབོད་ཀྱིན་ཡོང་བ་རེད་ལ།  རྒྱ་ནག་མི་མང་དང་མང་གཙོ་དོན་གཉེར་བ་སོགས་ཀྱིས་རྒྱ་ནག་འདི་བོད་ཀྱི་དགྲ་བོ་ཡིན་པ་ཤེས་པ་དང་།དགྲ་བོ་འདིས་ནམ་མཁར་མི་ཤོང་བའི་སྡིག་ཉེས་ཅི་ཞིག་བསགས་ཡོད་པ་སོགས་ཤེས་རྒྱུ་འདི་ང་ཚོར་མཚོན་ན་དགེ་མཚན་ལྡན་པའི་ལས་འགུལ་ཞིག་མ་ཡིན་ནམ། དེ་བས་ཀྱང་ད་ལྟའི་བར་ང་ཚོས་རྒྱ་ནག་གཞུང་ལ་མགོ་བཏགས་མེད་ཅིང་། རང་ཉིད་ཀྱི་འདས་མ་ད་གསུམ་གྱི་དངོས་ཡོད་གནས་སྟངས་འཛམ་གླིང་ལ་བསྒྲགས་ནས་རང་ཉིད་ཀྱི་བདེན་པ་རྩོད་ཀྱིན་པ་སྐུ་ཉིད་ཀྱིས་མཁྱེན་གསལ་རེད། དེ་བས་ན་ང་ཚོས་རྒྱ་ནག་གཞུང་ལ་དགྲ་བོ་ཞེས་འབོད་པ་ནི་འཚེ་མེད་ཞི་བ་ལས་བརྒལ་བའི་དྲག་སྤྱོད་ཀྱི་བྱ་བ་ཞིག་མ་རེད་ལ། འདི་ནི་དངོས་ཡོད་ཤིག་དང་། འདི་ལྟར་འབོད་པ་ནི་ཐབས་ཕྱོགས་ཤིག་ཀྱང་ཡིན་པ་མཁྱེན་པ་གནང་རོགས།

གཞན་ཡང་བཀུར་འོས་སྤྱི་འཐུས་མཆོག་ནས་ “ཡང་ཕྱོགས་གཞན་ཞིག་ནས་བསམས་ན། ནང་པ་ཡིན་མིན་དང་ཆོས་པ་ཡིན་མིན་ལ་མ་ལྟོས་པར། རྒྱུ་གང་ཞིག་བྱས་པ་དེར་འབྲས་བུ་དེ་ལྟར་དུ་གྲུབ་པ་ཆོས་ཉིད་དང་ཁྲིམས་དོན་གནས་བབ་ལའང་ཁྱབ་པ་མི་ཕལ་མོ་ཆེས་ཁས་ལེན་པ་རེད། དེས་ན། ཁྱོད་ཀྱིས་རང་གི་ཕ་ཡུལ་བོད་ཤོར་དགོས་དོན་ལ་བོད་མི་རིགས་རང་གིས་ལས་ག་རེ་བྱས་ཡོད་མེད་ལའང་ངེས་པར་བསམ་བློ་གཏོང་དགོས་པ་རེད། དེ་ལ་དབུས་ཀྱི་སྲིད་གཞུང་ཙམ་མིན་པ་་མཐའི་བླ་དཔོན་ཁག་ནས་ཐ་ན་རང་གི་ཁྱིམ་ཚང་ཡན་གྱིས་མ་འགྲིག་པ་ག་རེ་བྱས་པ་ཡིན་མིན་ལ་བསམ་བློ་ཏན་ཏན་གཏོང་དགོས་པ་རེད། ཕྱི་དམག་ནང་དུ་འཛུལ་བ་ལ།། ནང་གི་རྡོག་གྲ་ཉམས་དུས་ཡོང་།། ཟེར་སྲོལ་ལྟར། དུས་ནམ་རྒྱུན་དུ་རང་བློ་ཕར་གཅིག་པུར་གཏད་ནས་འདྲེ་དང་གདོན་དང་། དགྲ་བོ་དང་ལག་དམར་ཞེས་ཁྲོས་བསྡད་པ་དེས་དོན་ལ་རང་ཉིད་ཕུང་ལ་སྦྱོར་ངེས་སྟབས། བསམ་བློ་གཏོང་ཕྱོགས་འདི་ཡང་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་ཚོས་རྒྱ་ནག་གཞུང་ལ་དགྲ་བོ་རྒྱ་ནག་གཞུང་ཞེས་མི་འབོད་པའི་རྒྱུ་མཚན་ཡིན་སྙམ།”ཞེས་གསུང་འདུག་པ་ལས་ཅི་འདྲ་བའི་ལས་བྱས་པ་དེ་འདྲ་བའི་འབྲས་བུ་འབྱུང་ཟེར་བའི་ནང་དོན་ཅན་གྱི་བཀའ་མོལ་དག་ལ་དམིགས་བསལ་གྱི་ཞུ་བྱ་ཅི་ཡང་མེད་པས་དེ་དེ་བཞིན་ནོ་ཞེས་ཞུ་འདོད་བྱུང་། དགྲ་བོ་ལ་དགྲ་བོ་ཞེས་ཁྲོས་བསྡད་ན་མཐའ་མར་རང་ཉིད་ཕུང་ལ་སྦྱོར་ངེས་ཡིན་ཚུལ་གསུངས་འདུག་པ་དང་།རྒྱུ་མཚན་དེ་ལ་བརྟེན་ནས་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་མཁན་ཚོས་རྒྱ་ནག་ལ་དགྲ་བོ་ཞེས་འབོད་མི་རུང་ཟེར། རྒྱ་ནག་གཞུང་ལ་དགྲ་བོ་ཞེས་འབོད་ན་དབུ་མའི་ལམ་གྱི་དགོངས་དོན་གང་ལས་བརྒལ་སོང་བ་རེད་དམ། དགྲ་བོ་ལ་དགྲ་བོ་ཞེས་འབོད་པ་འདི་ཆོས་དང་འཇིག་རྟེན་གང་ལས་བརྒལ་སོང་བ་རེད་དམ་ཟེར་འདོད་བྱུང་། ཕ་མེས་ཡང་མེས་ནས་རྒྱ་ནག་གཞུང་ལ་དགྲ་བོ་ཞེས་བོས་ནས་ཡོང་པའི་ཚ་རྒྱུད་ང་ཚོ་ལ་མཚོན་ན། རྒྱ་ནག་གཞུང་ལ་གྲོགས་པོར་འབོད་པའི་སྙིང་སྟོབས་དེ་འདྲ་ཞིག་རྩ་བ་ནས་ཡོང་གི་མི་འདུག དགྲ་བོ་ལ་གྲོགས་པོ་ཞེས་བོས་ནས་གུས་གུས་ཞུམ་ཞུམ་བྱེད་པ་ནི་མགོ་བཏགས་པའི་བྱེད་ལུགས་ཤིག་ཡིན་པ་ལས་འདྲ་མཉམ་ཐོག་བདེན་པ་ཡོད་པའི་སྒོ་ནས་འཐབ་རྩོད་བྱེད་ལུགས་ཤིག་ཡེ་ནས་མ་ཡིན། ནམ་རྒྱུན་སྐད་ཆའི་ཐོག་ནས་བཤད་ན་དགྲ་བོར་དགྲ་བོ་ཞེས་འབོད་མི་ནུས་པའི་མི་དག་ནི་ “བླ་འདར་”ཞེས་པའི་དོན་ལས་མ་འདས། ང་ཚོས་རྒྱ་ནག་གཞུང་ལ་དགྲ་བོ་ཞེས་འབོད་དོན་ནི་གོང་ཞུས་ལྟར་འདྲ་མཉམ་གྱི་ཐོག་ནས་འཐབ་རྩོད་བྱེད་པའི་རྣམ་པ་ཞིག་ཡིན་པ་དང་། མི་རིགས་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་སྙིང་ལ་བཅངས་ནས་སེམས་ཀྱི་ཟབ་སར་བརྟན་ཚུགས་པའི་འདུ་ཤེས་ཤིག་ཡིན། ང་ཚོས་དགྲ་བོ་ཞེས་བོས་ནས་རྒྱ་ནག་གཞུང་ལ་གྲི་དང་མེ་མདས་འཐབ་རྩོད་བྱ་རྒྱུ་ཡིན་ལུགས་བཤད་ཀྱི་མེད། ང་ཚོས་འདི་ནས་དགྲ་བོ་དགྲ་བོ་ཡིན་པ་ཤེས་པ་དང་། བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་དར་རྒུད་ཤེས་པའི་ཐོག་ནས་རྒྱ་ནག་གཞུང་ལ་འདྲ་མཉམ་ཐོག་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་ཀྱིན་པ་གང་ཞིག བོད་རྒྱ་གཉིས་ལ་ཕན་པའི་སྲིད་བྱུས་ཤིག་ལ་འདིར་དབུ་མའི་ལམ་དུ་ངོས་འཛིན་བྱེད་ཀྱིན་ཡོད་པ་ལས་དགྲ་བོ་གྲོགས་སུ་བླངས་ནས་སྔོན་སོང་གི་ལོ་རྒྱུས་ཡོད་ཚད་སྣང་མེད་དུ་གཏོང་བ་འདིར་དབུ་མའི་ལམ་ཟེར་གྱི་མེད། རྒྱ་ནག་གཞུང་ལ་དབུ་མའི་ལམ་གྱི་ཐོག་ནས་འཐབ་རྩོད་བྱེད་ཀྱིན་པ་ནི་ཕན་ཚུན་གནས་ལུགས་དང་ཁྲིམས་ཀྱི་ཐོག་ནས་འདྲ་མཉམ་ཡིན་པ་དང་། མཐར་ཐུག་དམིགས་ཡུལ་གྱི་ཆ་ནས་ཀྱང་འདྲ་མཉམ་ཀྱི་ལངས་ཕྱོགས་ཤིག་བཟུང་ནས་འཐབ་རྩོད་བྱེད་ཀྱིན་པ་རེད། དེ་བས་ན་རྒྱ་ནག་གཞུང་གི་མི་རབས་གོང་མ་ཚོས་སྡིག་ཉེས་ཅི་ཞིག་བསགས་ཡོད་མེད་ད་ལྟའི་མི་རབས་གསར་པ་ཚོར་ངོ་སྤྲོད་བྱེད་དགོས་པའི་འགན་དང་ཐོབ་ཐང་ང་ཚོ་ལ་ཡོད་པ་རེད། དེས་ན་ང་ཚོ་བཙན་པོ་གདོང་དམར་ཚང་གི་བུ་ཚ་འཁྲུལ་མེད་ཡིན་པས། དགྲ་བོ་ལ་དགྲ་བོ་ཞེས་འབོད་པ་ལས་གྲོགས་པོ་དང་དབུ་ཁྲིད་སོགས་གཏན་ནས་འབོད་མི་རུང་། འདི་ནི་མི་རིགས་ཤིག་གི་གཟི་བརྗིད་ལྡན་པའི་གཟུགས་བརྙན་སྲུང་སྐྱོབ་བྱས་པ་ཡིན་པས། ངེས་པར་དུ་རྒྱ་ནག་གཞུང་ལ་དགྲ་བོ་ཞེས་འབོད་དགོས།

ཡང་བཀུར་འོས་སྤྱི་འཐུས་མཆོག་ནས་ “དོན་གྱི་མདོ་ཁ་གཙོ་བོ་རང་ཉིད་ལ་ལན་གཅིག་མི་ལུས་ཐོབ་དུས་འདིར། ཆོས་དང་འཇིག་རྟེན་གང་གི་ལས་ལ་ཞུགས་ཀྱང་། རྣམ་དཔྱོད་ཚུགས་ཐུབ་ཏུ་གནས་ཏེ་མི་ཚེ་ཕུད་དགོས་པ་གལ་ཆེ་ཞིང་། ངའི་ཕ་ཡུལ་དུ་ཡུལ་མིའི་ངག་ཏུ་མི་ལ་ཆེ་མཐོང་འཇོག་སྲོལ་འདི་འདྲ་ཞིག་ཡོད་དེ། ༼ མྱི་དེ་གློའུ་ཟིག་ཏུ་སྐྱེ་མེད་ཡ། ༽ཞེས་པ་ལྟར་མཐའ་མའི་མིག་བཙུམས་སྐབས་སྡོམ་དེ་འདྲ་ཞིག་ཐོབ་རྒྱུར་ད་ལྟ་ནས་འབད་ན། རང་ལ་མི་འོས་པ་དང་མི་འཚམ་པ། རང་གིས་མི་ཤེས་པ་དང་མི་ནུས་པ་དག་ལ་འཇུག་པ་ལས་ལྡོག་སྟེ། ཤེས་ནས་སྨྲ་ཞིང་འཇུག་པའི་མི་ཚེའི་མདུན་ལམ་ཚད་ལྡན་ཞིག་རྙེད་པ་གདོན་མི་ཟ་བས་ན། སྟོང་སྐད་སྒྲོག་པ་པོ་ཚོ་དང་བོད་མིའི་གཟུགས་ཙམ་འཛིན་མཁན་ཚང་མས་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་བདེ་དོན་ལ་བསམ་གཞིགས་ཀྱིས་ཆོས་སྲིད་གཉིས་ཀའི་ལས་དོན་གང་གནང་རང་གི་ལྟོ་དོན་དུ་མིན་པ་ཞིག་ཅི་ནས་ཀྱང་གནང་སྟེ། ཤེས་ཡོན་གྱི་སྟེང་ནས་ལངས་དགོས་པ་སྟེ། ཡོད་ཚད་ཡང་དག་པའི་རྒྱུ་མཚན་ལ་གཞི་བཅོལ་ཏེ། རང་གི་རིགས་ལ་རྨ་མེད་པའི་ལྷག་བསམ་གཡོ་མེད་ཐོག གཞིའི་གནས་ཚུལ་ཚང་ལ་མ་ནོར་བར་མཁྱེན་པ། སྒྲུབ་པའི་ཐབས་ཚུལ་དུས་གནས་རྟོག་དཔྱོད་ཐུབ་མཁན་ཞིག་བྱེད་དགོས་པ་ནི་བོད་མི་ཚང་མས་ཐུགས་ལ་ངེས་དགོས་པ་རེད་སྙམ།།”ཞེས་གསུངས་འདུག་པ་འདིར་དེ་བས་ཀྱང་བསམ་ཚུལ་འགའ་རེ་ཞུ་འདོད་བྱུང་། བཀུར་འོས་གང་གིས་ “དོན་གྱི་མདོ་ཁ་གཙོ་བོ་རང་ཉིད་ལ་ལན་གཅིག་མི་ལུས་ཐོབ་དུས་འདིར། ཆོས་དང་འཇིག་རྟེན་གང་གི་ལས་ལ་ཞུགས་ཀྱང་། རྣམ་དཔྱོད་ཚུགས་ཐུབ་ཏུ་གནས་ཏེ་མི་ཚེ་ཕུད་དགོས་”གསུངས་འདུག་པར་དེ་ག་རང་རེད་ཟེར་ཞོར་དུ། བཀུར་འོས་མཆོག་དེ་འདྲ་རང་བྱུང་མི་འདུག་སྙམ་པ་བྱུང་། ཁྱེད་ཀྱི་ཕ་ཡུལ་དུ་མི་ལ་ཆེ་མཐོང་འཇོག་སྐབས་(མྱི་དེ་གློའུ་ཟིག་ཏུ་སྐྱེ་མེད་ཡ།)ཟེར་སྲོལ་ཡོད་པ་ལྟར་མཐའ་མའི་མིག་བཙུམས་སྐབས་སྡོམ་དེ་འདྲ་ཞིག་དགོས་པ་རེད་གསུངས་འདུག་ཀྱང་། བཀུར་འོས་སྤྱི་མཐུས་མཆོག་(གློའུ་ཟིག་)ཏུ་སྐྱེས་འདུག་སྙམ། གང་ཡིན་ཟེར་ན་རྒྱ་ནག་གཞུང་ལ་དགྲ་བོར་མི་འབོད་པ་ནི་བཀུར་འོས་གང་ཉིད་ལ་མི་འོས་པ་དང་། མི་འཚམ་པ། དགྲ་བོ་ཡིན་པ་རང་གིས་ཤེས་བཞིན་དུ་དེ་ལྟར་བརྗོད་མ་ནུས་པ་ཡིན་པས་སོ། །དེ་ཡང་སྐུ་ཉིད་ནས་རྒྱ་ནག་གཞུང་ལ་གྲོགས་པོ་ཞེས་སྨྲ་མི་འོས་ཏེ། སྐུ་ཉིད་ནི་བོད་ཀྱི་ཆོས་སྲིད་རིག་གནས་ལ་མཁྱེན་རྟོགས་མི་དམན་པ་དང་། བོད་ཀྱི་མི་རབས་གསར་པའི་ནང་ནས་མཐོ་སར་སླེབས་པ། བོད་རྒྱ་ཆེའི་མི་མང་གི་ངོས་ནས་རེ་བ་ཆེན་པོས་ཁྲི་ཐོག་ཏུ་བཞག་པ་ཡིན་པས། རང་གི་དགྲ་བོར་གྲོགས་པོ་ཞེས་འབོད་ན་མི་འཚམ་པ་དང་མི་འོས་པ་ཡིན། བཀུར་འོས་མཆོག་ནས་བོད་རྒྱ་སོ་སོ་ཡིན་པ་ཤེས་བཞིན་དུ། རྒྱ་ནག་གཞུང་གིས་བོད་ལ་ལས་ངན་གང་ཞིག་བྱས་ཡོད་པ་ཤེས་བཞིན་དུ། ད་དུང་ཡང་མགོ་བོ་དུད་དུད་དང་། གཉའ་སྒུར་སྒུར་བྱས་ནས་གྲོགས་པོ་དང་གྲོགས་པོ་ཟེར་ནས་སོང་ན། ཤེས་བཞིན་དུ་བོད་མི་ས་ཡ་དྲུག་གི་རེ་བ་སྟོང་ཟད་དུ་བཏང་བ་མ་ཡིན་ནམ། དེ་བས་ཀྱང་རྒྱ་ནག་ཞུང་ལ་དགྲ་བོ་ཞེས་མ་འབོད་པར་གྲོགས་པོ་ཞེས་སྨྲས་ན་ང་ཚོའི་མི་རབས་གསར་པ་ཚོའི་སེམས་ཁམས་ན་མི་རིགས་ཀྱི་འདུ་ཤེས་ཇི་ལྟར་སླེབས་ཐུབ་བམ། མི་རིགས་ལ་བཅངས་པའི་ལར་ཞེན་ཇི་ལྟར་འཕེལ་ནུས་སམ། མི་རིགས་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་ཤེས་པའི་ཐོག་ནས་དགྲ་བོར་དགྲ་བོ་ཡིན་པའི་ངོ་སྤྲོད་གསལ་བོ་ཞིག་མ་བྱས་ན་ང་ཚོའི་མི་རབས་རྗེས་མ་ཚོ་གང་འདྲ་ཞིག་ཆགས་སྲིད་དམ། དགྲ་བོ་ལ་དགྲ་བོ་ཞེས་སྐད་ཆེན་པོས་འབོད་ཀྱིན་འདས་ཟིན་པའི་ཡིད་སྐྱོ་བའི་ལོ་རྒྱུས་དག་ལ་ཕྱིར་དྲན་དང་། མ་འོངས་པའི་ལོ་རྒྱུས་དང་བོད་པའི་སེམས་ཁམས་སུ་ཡང་དགྲ་གཉེན་མ་ནོར་བ་ཞིག་ངེས་པར་དུ་ཡོད་དགོས་པ་ནི་མི་རིགས་འདིའི་འཆི་གསོན་དང་འབྲེལ་བ་དམ་ཟབ་ཡོད་པ་ཡིན།  གནམ་སར་མི་ཤོང་བའི་སྡིག་ཉེས་ཅན་གྱི་སློབ་གསོ་ངན་པ་འདི་འདྲ་ང་ཚོའི་སློབ་གྲྭ་དང་གཞིས་ཆགས་ཁག་ལ་སྤེལ་ན་རྗེས་སུ་ང་ཚོར་ཅི་ཞིག་ལྷག་སྲིད་དམ། གཞན་ཡང་ “ཤེས་ཡོན་གྱི་སྟེང་ནས་ལངས་དགོས་པ་སྟེ། ཡོད་ཚད་ཡང་དག་པའི་རྒྱུ་མཚན་ལ་གཞི་བཅོལ་ཏེ། རང་གི་རིགས་ལ་རྨ་མེད་པའི་ལྷག་བསམ་གཡོ་མེད་ཐོག གཞིའི་གནས་ཚུལ་ཚང་ལ་མ་ནོར་བར་མཁྱེན་པ། སྒྲུབ་པའི་ཐབས་ཚུལ་དུས་གནས་རྟོག་དཔྱོད་ཐུབ་མཁན་ཞིག་བྱེད་དགོས་པ་ནི་བོད་མི་ཚང་མས་ཐུགས་ལ་ངེས་དགོས་པ་རེད་སྙམ།།”ཞེས་པ་འདིར་སྐུ་ཉིད་ནས་བསྐྱར་དུ་དགོངས་པ་ཆེ་བཞེས་གནང་དང་། རྒྱ་ནག་གཞུང་ལ་དགྲ་བོ་ཞེས་སྨྲ་བ་རྒྱུ་མཚན་ལ་གཞི་བཅོལ་བ་ཞིག་མ་ཡིན་ནམ། ང་ཚོས་རྒྱ་ནག་གཞུང་ལ་དགྲ་བོ་ཞེས་འབོད་པ་འདི་གནས་ལུགས་དང་མཐུན་པ་ཞིག་མ་ཡིན་ནམ། ང་ཚོས་རང་གི་རིགས་ལ་རྨ་མེད་པའི་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་གནས་ལུགས་དང་རྒྱུ་མཚན་ཡོད་པའི་ཐོག་ནས། ད་ལྟའི་བོད་མི་རིགས་དང་རྒྱ་ནག་གཞུང་གི་བྱེད་ལུགས་སོགས་གཞིའི་གནས་ཚུལ་ལ་བསམ་བློ་ནན་ཏན་གྱིས་བཏང་ན་རྒྱ་ནག་གཞུང་ལ་དགྲ་བོ་ཞེས་འབོད་པ་ནི་འོས་ཤིང་འཚམས་པ་དང་། གནས་ལུགས་དང་མཐུན་པ། ང་ཚོའི་མི་རབས་གསར་པ་ཚོ་ལ་ཡང་རྒྱ་ནག་ནི་ང་ཚོའི་དགྲ་བོ་ཡིན་པ་ཤེས་སུ་འཇུག་དགོས་པར་མ་ཟད། རྒྱ་ནག་མི་མང་གིས་གཙོས་འཛམ་གླིང་མི་མང་ནས་ཀྱང་རྒྱ་ནག་གཞུང་ནི་བོད་མི་མི་རབས་ལྔ་དྲུག་གི་དགྲ་བོ་འཁྲུལ་མེད་ཡིན་པ་ཤེས་སུ་འཇུག་དགོས་ཤིང་། དེ་ཡང་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་གསལ་བོར་བསྒྲགས་ནས། ཉག་ཕྲ་བའི་དུས་སྐབས་འདིར་ང་ཚོས་ངེས་པར་དུ་བདེན་དཔང་ནམ་མཁར་འཆར་ནས་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། དགྲ་བོ་ཡིན་པའི་བདེན་པ་འཛམ་གླིང་གི་དྲང་བདེན་ལ་དགའ་བ་ཀུན་གྱི་ཀླད་པའི་ནང་དུ་བཅུག་པར་མ་ཟད་ཧ་ཅང་བརྟན་པོའི་སྒོ་ནས་གནས་ཐུབ་པ་བྱེད་དགོས་པ་ནི་ང་ཚོ་སྐྱབས་བཅོལ་དུ་ཡོང་བའི་དགོས་དམིགས་སམ་བསྒྲུབ་བྱ་གཙོ་བོའི་གྲལ་ཞིག་ཡིན།

མདོ་དོན་བསྡུས་ནས་བཤད་ན། ང་དང་ཁྱེད་འདྲ་བ་མང་པོ་ཞིག་གིས་ཕ་ས་ཕ་ཡུལ་བརྒྱབ་ཏུ་བསྐྱུར། མེས་པོའི་རིག་གནས་ལ་སློབ་སྦྱོང་སླད་དཀའ་བ་དུ་མ་ཁྱད་དུ་བསད། ཁྱད་པར་བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་ལ་ཞིབ་ཀྱིས་བཀླགས་ནས་བོད་མི་རིགས་འདི་ཉིད་མི་རིགས་གཞན་དང་གཏན་ནས་མི་འདྲ་བའི་སྤོབས་སེམས་སྐྱེ་འོས་པའི་མི་རིགས་ཤིག་ཡིན་པ་ཤེས་ཡོད་ལ། ཁྱད་པར་དུ་ཡང་ང་དགུའི་ལོ་ནས་བཟུང་ད་ལྟའི་བར་རྒྱལ་ཁབ་དང་མི་རིགས་ཀྱི་སླད་དུ་རང་སྲོག་ཤོར་བ་མང་པོ་ཞིག་གི་ལོ་རྒྱུས་ང་ཚོས་ཤེས་ཡོད། མི་ལོ་དྲུག་བཅུ་ཙམ་གྱི་ནང་བོད་ཀྱི་རིག་གནས་ལ་ཉམས་ཆག་ཇི་ཙམ་སོང་ཡོད་པ་ཡང་ང་ཚོས་གསལ་བོ་ཤེས་ཡོད། བོད་མི་རིགས་རིག་གནས་དང་བཅས་པའི་སླད་དུ་སྤུན་ཟླ་ཅི་འདྲའི་མང་པོ་ཞིག་གིས་དཀའ་བ་ཁྱད་དུ་བསད་ནས་འབད་བརྩོན་ཇི་ལྟར་གནང་ཡོད་པ་ཡང་ད་ལྟ་ང་ཚོའི་ཀླད་པའི་ནང་གསལ་གསལ་ཐིང་ཐིང་དུ་གནས་ཡོད། ད་དུང་། བཙོན་དུ་ཚུད་པའི་ཉེས་མེད་བཙོན་པ་སྟོང་ཕྲག་མང་པོས་མུན་ནག་གི་བཙོན་ར་ནས་དཀའ་སྡུག་ཇི་ལྟར་མྱངས་དང་མྱོང་བཞིན་པ་ཡང་ང་ཚོས་མིའི་ཁ་ནས་ཉན་ཐུབ་ལ། དཔེ་དེབ་ཀྱི་ངོས་ནས་མཐོང་ཐུབ། གཞན་ཡང་བོད་ཆོས་ལྡན་གྱི་ཞིང་འདི་ནི་འཇིག་རྟེན་ཐོག་ཆེས་ལེགས་ཤོས་ཀྱི་ཁོར་ཡུག་ཅིག་ཡིན་མོད། ད་ལྟའི་བར་རྒྱ་ནག་གཞུང་གིས་གཏོར་བརླག་ག་ཚོད་བཏང་ཡོད་པ་ཡང་ང་ཚོས་ཤེས་གསལ་རེད། ང་ཚོ་ཚང་མ་ཕ་ཡུལ་གྱི་ས་རེ་རེ་དང་རྡོ་རེ་རེ་ལ་ཡང་དུང་བ་དང་དགའ་སྣང་།བརྩེ་དུང་ཡོད་པའི་མི་འབའ་ཞིག་ཡིན་པས། དེ་དག་གཏན་མེད་དུ་གཏོང་བཞིན་པ་མཐོང་དུས་ང་ཚོས་དེ་ལྟར་གཏོར་བརླག་དང་མནར་གཅོད་གཏོང་མཁན་དེར་མིང་ནས་ཇི་ལྟར་འབོད་ན་འཚམ་པ་འདུག་གམ། གྲོགས་པོ་ཞེས་འབོད་ན་འོས་འཚམས་རེད་དམ། གཤེགས་ཟིན་པའི་སྤུན་ཟླ་ཅི་འདྲའི་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་ཁོང་ཁྲོ་ཆེན་པོ་བྱས་ཡོད། དེ་རྒྱུ་མཚན་མེད་པ་མ་རེད།གཞིས་སུ་བཞུགས་པའི་སྤུན་ཟླ་མང་པོས་རང་སྲོག་དམར་པོ་མེ་ལ་བསྲེགས་ནས་དགྲ་བོ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྐབས་གྲོགས་པོ་ཞེས་འབོད་སྲོལ་མེད། ད་ལྟའི་བར་གཤེགས་ཟིན་པའི་སྤུན་ཟླ་ས་ཡ་གཅིག་ལྷག་དང་། རྩ་བརླགས་ཏུ་སོང་བའི་བོད་ཀྱི་རིག་གནས་དང་འབྲེལ་བའི་བརྩམས་ཆོས་དང་སྐུ་གསུང་ཐུགས་རྟེན། ས་གཞིའི་གཏེར་དང་རི་མགོའི་རི་དྭགས་ཚུན་ཆད་ཀྱི་ལས་དབང་ལ་བསམ་བློ་ཐོངས་དང་། འདི་ལྟར་བོད་མི་རིགས་ཀྱི་སྔོན་གྱི་ལོ་རྒྱུས་ཁྲོད་སྣོད་བཅུད་གཉིས་ལ་ཉམས་རྒུད་ཅི་ལྟར་སོང་བའི་ཚུལ་ལ་ལག་པ་བྲང་ཁར་བཞག་ནས་བསམ་བློ་ལེགས་པར་བཏང་ཚེ།རྒྱ་ནག་ཚང་ལ་གྲོགས་པོ་ཞེས་འབོད་པའི་ཐོབ་ཐང་ང་ཚོ་ལ་མེད།

གཞན་ཡང་རང་ཅག་རྣམས་ཀྱི་འདི་ཕྱིའི་སྐྱབས་གནས་༸སྐབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་གཙོས་སྤུན་ཟླ་ཁྲི་ཚོ་བརྒལ་བ་རང་ས་རང་ཡུལ་བཞག་ནས་སྐྱབས་བཅོལ་ལ་ཡོང་དགོས་བྱུང་བ་དང་།དེའི་ཤུལ་དུ་ང་དང་ཁྱོད་སོགས་ཀྱང་ཡོང་བ་རེད། ང་ཚོ་གཞན་ཡུལ་དུ་ཡོང་བ་ནས་བཙན་བྱོལ་བ་ཞེས་པའི་མིང་བྱང་འདིའི་འོག་ཏུ་ཚུད་ཡོད་ཅིང་། ང་ཚོ་ཚང་མ་རང་བཞིན་གྱི་འཐབ་རྩོད་པ་ཞིག་ཏུ་གྲུབ་ཡོད། འཐབ་རྩོད་པ་ཞིག་གི་ངོས་ནས་རང་ཉིད་ཀྱི་དགྲ་བོ་དགྲ་བོ་ཡིན་པ་ངོ་མ་ཤེས་ན་འཐབ་རྩོད་ཅི་ལྟར་བྱེད། མི་རབས་གོང་མ་དག་གིས་གཞན་ཡུལ་ནས་དཀའ་ལས་ག་ཚོད་མྱངས་ཡོད་པ་ཁྱེད་ཀྱིས་ཀྱང་ཤེས་གསལ་རེད། ས་མཐར་ལོ་ནས་ལོ་ལ་འདུག་དགོས་པ་འདི་སྐྱིད་པོ་ཞིག་རེད་དམ། ཕ་ཡུལ་ཕ་མ་དང་བཅས་པ་མིག་གིས་མཐོང་དབང་དང་ལག་པས་རེག་དབང་མེད་པར་གཞན་ཡུལ་འདིར་མི་ལོ་ལྔ་བཅུ་དྲུག་བཅུ་ལ་བསྡད་པའི་སྤུན་ཟླ་རྒན་རབས་པ་དེ་དག་གི་ངོ་གདོང་དང་དེ་དག་གི་གཤེགས་ཚུལ་ལ་ཞིབ་ཀྱིས་མཇལ་ནས་བསམ་བློ་ཞིག་ཐོངས་དང་། རྒྱ་ནག་གཞུང་ལ་གྲོགས་པོ་ཞེས་འབོད་པའི་ཐོབ་ཐང་ཞིག་ང་ཚོར་མེད་པ་ཤེས་ཡོང་།

མཆོག་ཏུ་བཀུར་འོས་བོད་མི་མང་གི་སྤྱི་འཐུས་ལགས། སྐད་ཆ་མང་ན་གནད་མི་ཆེ་བས་འདི་ནས་མདོར་བསྡུས་ཙམ་ཞིག་ཞུས་པ་ཡིན། ཕྲན་ནས་འདི་ལྟར་སྤུན་ཟླ་བཟང་པོ་ཞིག་གི་འདུ་ཤེས་གཙིགས་སུ་བཟུང་ནས་ཕན་ཚུན་ལ་གྲོས་བྱས་པའི་ཚུལ་གྱིས་ཚིག་འགའ་ཞིག་བྲིས་པ་འདི་ཡང་ཁྱེད་རང་ལྟར་ཁ་བ་གངས་ཅན་པ་ལ་ལྷག་བསམ་རྣམ་པར་དག་པའི་ངེས་ཤེས་ནང་ནས་རྙེད་བཞིན་བྲིས་པའོ།། །།

བསྐྱར་བཅོས།: ༢༠༡༩/༠༡/༡༡

Leave a Reply

3 thoughts on “རྒྱ་ནག་གཞུང་ལ་གྲོགས་པོ་ཞེས་འབོད་པའི་ཐོབ་ཐང་ང་ཚོ་ལ་མེད།

  1. གྲོགས་པོ་ཞེས་འབོད་དགོས་པའི་སྐོར་སྐུ་ངོ་ཤར་ཕྱོགས་ཁུག་རྟས་གསུངས་མི་འདུག དེའི་ཆ་ནས་ཉིད་ཀྱི་བསམ་ཚུལ་རྣམས་ས་སྟོང་ལ་མདའ་སྟོང་པ་འཕངས་པ་དང་མཚུངས།

  2. བསམ་ཚུལ་བྲིས་པར་རྗེས་སུ་ཡི་རང་ཞུ་གི་ཡོད།
    ཚན་པ་དང་པོ་མ་གཏོགས་བཀླགས་མེད། དེའི་ནང་དགྲ་བོ་མ་བོས་ན་ངེས་པར་གྲོགས་པོ་ཞེས་འབོད་དགོས་པ་གཞིར་བཞག་གི་ཐོག་ནས་དགག་པ་བྲིས་འདུག་པའི་ཚོར་བ་བྱུང་།
    བསམ་ཚུལ་ཙམ་ཡིན།

  3. ལྷོ་ཕྱོགས་ཕོ་ཉ།

    སྟག་ཚང་རི་རྒོད་ལགས་ནས་རྩོམ་བྲིས་འདི་ཧ་ཅང་གནད་ལ་སྨན་པོ་ཅན་འདུག་བཀྲིན་ཆེ་ཞུ་ཡག་ཡིན🙏🙏🙏།
    ། སྤྱིར་བཏང་ཤར་ཁུག་འབྲི་རྩོམ་མང་པོ་བྲིས་འདུག་སྟེ་ང་རང་སྒེར་གྱི་བསམ་ཚུལ་ལ་ནི། སྤྱི་འཐུས་ཁོང་ལྟ་བུ་ལ་ཞུས་ཡག་བབ་འོས་མེད་ནའང་། འོན་ཏང་སྤྱི་འཐུས་ཁོང་གུ་བྲིས་པ་གང་ཡིན་ནའང་གཞི་བྱིས་བོད་མི་མང་པོ་ལ་སེམས་ལ་རྨ་ཁ་བཟོ་བཞིན་འདུག་འོན་ཀྱང་ཁོང་ལ་ནི་་་བོད་བསྟན་སྲིད་སྣོད་བཅུད་ཐམས་ཅད་རྩ་གཏོར་གཏོང་མཁན་ལ་ངག་སྒོ་ཙམ་ནས་དགྲ་བོ་ཞེས་བརྗོད་འདོད་མེད་པ་ཅན་དེས། མཚུངས་མེད་བཀྲིན་བདག་ཉིད་༧གོང་ས་མཆོག་ལ་བཀྲིན་དྲིན་ཤེས་བརྗོད་རྒྱུ་མེད་པ་ཅན་ཞིག་གོ་ས་འངུག་་་དགྲ་ལ་དགྲ་བོ་མི་བརྗོད་་གྲོགས་ལ་གྲོགས་བརྗོད་མ་དགོས་པ་རེད་ཟེར་བ་ཞིག་ཤུགས་ལ་གོ་ཐུབ།