ཕྱི་མི་ཡུལ་སྐོར་བ་བོད་ནང་འགྲོ་རྒྱུ་ལས་སླ་རུ་བཏང་ཡོད་ཟེར།

བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཆེ་དགྲ་ལྷས་འདས་ལོར་བོད་ལྗོངས་ནང་ཡུལ་སྐོར་བ་ས་ཡ་ ༣༣ ལྷག་ཙམ་བྱུང་བ་དང་འདི་ལོར་ཕྱི་མི་ཡུལ་སྐོར་བ་བརྒྱ་ཆ་ ༥༠ ཡར་འཕར་བའི་རེ་བ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུགཁ་སང་སྔ་དྲོར་བོད་ཀྱི་རྒྱལ་ས་ལྷ་སར།  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་དེ་ཚོགས་མགོ་ཚུགས་སྟེ་ཉིན་ ༥ རིང་འཚོགས་བཞིན་ཡོད་པ་དང་། ཚོགས་འདུ་མགོ་འཛུགས་ཐོག་བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཆེ་དགྲ་ལྷ་ཡིས། ཕྱི་ལོ་ ༢༠༡༨ ལོར་བོད་རང་སྐྱོང་ལྗོངས་ནང་རྒྱུན་འཁྱོངས་དོན་འཁྱོལ་ཡོང་སྐོར་གྱི་དོན་ཚན་བདུན་སྒྲོགས་སྦྱང་བྱས་ཡོད་པ་དང་བསྟུན། འདས་ལོར་བོད་རང་སྐྱོང་ལྗོངས་ནང་ཡུལ་སྐོར་བ་བརྒྱ་ཆ་ ༣༡ ཙམ་ཡར་འཕར་ཏེ་མི་གྲངས་ས་ཡ་ ༣༣།༦༨ ཙམ་ཟིན་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཕྱི་མི་ཡུལ་སྐོར་བ་བརྒྱ་ཆ་ ༥༠ ཡར་འཕར་བའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད།  ཉེ་སྔོན་ནས་བཟུང་བོད་ནང་ཡུལ་སྐོར་མཐོང་མཆན་ཐོབ་པར་ཉིན་ ༡༥ ལས་སྒུག་མི་དགོས་པར་ལས་སླ་རུ་བཏང་ཡོད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་ཡུལ་སྐོར་སྤྲོ་འཆམ་ཐད་ཉམས་ཞིབ་པ་རིག་འཛིན་རྡོ་རྗེ་ལགས་སུ། དོན་དངོས་ཐོག་བོད་ནང་ཡུལ་སྐོར་བ་ཅི་ཙམ་འབྱོར་གྱི་ཡོད་མེད་དྲིས་པར་ཁོང་གིས། རྒྱ་ནག་གཞུང་གིས་གྲངས་ཀ་ཞིག་བཤད་ཀྱི་ཡོད་པ་རེད་དེ། བོད་ནང་འབྱོར་མཁན་གྱི་གྲངས་ཀ་ཏག་ཏག་དེ་རག་ཐབས་མེད་པ་དང་། ཕྱི་ལོ་ ༢༠༠༨ ནས་བོད་ནང་ཕྱི་མི་འགྲོ་སྐྱོད་ལ་བཀག་སྡོམ་བྱས་ཡོད་སྟབས། ཕྱི་མི་ཡུལ་སྐོར་བ་དེ་ཙམ་མེད་པ་དང་། བོད་ནང་ཡུལ་སྐོར་བ་གྲངས་ས་ཡ་ ༣༣ ལྷག་ཡོང་གི་ཡོད་པར་ངོས་འཛིན་བྱས་རུང་། ཡུལ་སྐོར་བ་བོད་ནང་ཡོང་སྐབས་མང་ཤོས་གནམ་གྲུ་དང་མེ་འཁོར་ལ་བསྡད་ནས་ཡོང་གི་ཡོད་པས་རྒྱ་ནག་གཞུང་ལ་ཁེ་ཕན་དང་། བོད་ནང་བསླེབས་རྗེས་ཡུལ་སྐོར་དང་འབྲེལ་བའི་ཁེ་ལས་ཚོང་རིགས་ཆེ་ཁག་གཉེར་མཁན་རྒྱ་རིགས་ཡིན་པས། བོད་མིར་ཕན་ཐོགས་དེ་ཙམ་བྱུང་གི་མེད་པ། དེ་བཞིན་བོད་ནང་ཡུལ་སྐོར་བ་འགྲོ་སྐབས་ཡུལ་སྐོར་ལྟེ་གནས་སོ་སོར་ཐོ་འགོད་བྱེད་དགོས་པས། མི་གཅིག་ཡུལ་སྐོར་ལྟེ་གནས་ ༣ ལ་སོང་ན་ཡུལ་སྐོར་བ་ ༣ བོད་ནང་སྤྲོ་འཆམ་ལ་ཡོང་བར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་།

ཡང་བོད་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཁང་གི་ལས་མི་ཧོང་ཝའེ་ (Hong Wei) ཞེས་པ་ཞིག་གིས། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་ཕུད་པའི་ཕྱི་རྒྱལ་ཁག་ནས་བོད་ནང་ཡུལ་སྐོར་བ་ཁྲི་ ༢༧ བསླེབས་ཡོད་པ་དང་། ད་ནས་བཟུང་ཕྱི་མི་ཡུལ་སྐོར་བ་ཚོས་མཐོང་མཆན་ཞུ་སྐབས། ཡིག་ཆ་རྣམས་ངེས་པར་ལྷ་སར་གཏོང་མི་དགོས་པར་པེ་ཅིན་དང་། རྒྱ་ནག་གི་གྲོང་ཁྱེར་ཞི་ཨན་ (Xi’an)། ཁྲིན་ཏུའུ་(Chengdu) བཅས་སུ་ཐོ་འགོད་བྱེད་ཆོག་པ་བཟོས་ཡོད་ལ། ཉེ་བའི་ལོ་དག་ནང་ཕྱི་མི་ཡུལ་སྐོར་བའི་གྲངས་འབོར་འཕར་གྱི་ཡོད་སྐོར་བརྗོད་འདུག

ཡང་འདི་གའི་གསར་འགོད་པས་རིག་འཛིན་རྡོ་རྗེ་ལགས་སུ། རྒྱ་ནག་གཞུང་གིས་བོད་ནང་མཐོང་མཆན་ཞུ་སླ་རུ་བཏང་ཡོད་སྐོར་བསྒྲགས་པ་དེ་ཨ་རིས་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་ཁྲིམས་གཞི་གཏན་འབེབ་གནང་བ་དེར་ཁ་འགོག་ཐབས་ཙམ་ཡིན་མིན་དྲིས་པར་ཁོང་གིས། ཨ་རིའི་ཁྲིམས་གཞི་གསར་པ་དེ་གཏན་འབེབ་མ་གནང་སྔོན་ནས་བོད་ནང་འགྲོ་སྐྱོད་དང་མཐོང་མཆན་རག་པར་ལས་སླ་རུ་བཏང་པའི་གནས་ཚུལ་སྒྲོག་གི་ཡོད་པ་རེད། དཔེར་ན་དགུན་ཁར་ཡུལ་སྐོར་བ་ཡོང་ཆེད་ཅ་དངོས་ཀྱི་རིན་གོང་ཕབས་ནས་འཚོང་གི་ཡོད་པའི་ཁྱབ་བསྒྲགས་སོགས་གཏོང་གི་ཡོད་པ་རེད། ཆབ་སྲིད་ཀྱི་ངོས་ནས་བཤད་ན། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ནང་ཕྱི་མི་འགྲོ་སྐྱོད་ཆོག་གི་ཡོད་པའི་རྣམ་པ་ཙམ་སྟོན་ཆེད་རེད། དོན་དངོས་བོད་ནང་ཕྱི་མི་ག་ཚོད་འགྲོ་ཐུབ་ཀྱི་ཡོད་མེད་ཚོད་དཔག་བྱེད་ཁག་པོ་རེད། ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་རྒྱུན་ལྡན་དུ་སྤྲོད་བཞིན་པའི་ཡུལ་སྐོར་མཐོང་མཆན་དེའི་ཐོག་ནས་ཕྱི་མི་ཡུལ་སྐོར་བ་རྣམས་བོད་ནང་འགྲོ་ཐུབ་ཀྱི་མེད་པས་དམིགས་བསལ་གྱི་མཐོང་མཆན་ཞུ་དགོས་ཀྱི་ཡོད་པ་དང་། བོད་ནི་ས་མཐོ་ཞིང་གནམ་གཤིས་གྲང་བ། རིག་གཞུང་གོམས་སྲོལ་གྱིས་ཕྱུག་ཅིང་ཁོར་ཡུག་གཙང་བ་སོགས་དམིགས་བསལ་ཅན་གྱི་ས་ཆ་ཞིག་ཆགས་ཡོད་སྟབས། བོད་མཐོ་སྒང་གི་སྣོད་བཅུད་གཉིས་ལ་སྲུང་སྐྱོབ་ཆེད་ཡུལ་སྐོར་བའི་གྲངས་འབོར་ལ་སྟངས་འཛིན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་དེ། བོད་ནང་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་དང་གསར་འགོད་པ་སོགས་འགྲོ་བར་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་པའི་རྐྱེན་གྱིས། ཉེ་སྔོན་ཨ་རིའི་གཞུང་ནས་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་ཁྲིམས་གཞི་གསར་པ་གཏན་འབེབ་གནང་དགོས་བྱུང་ཡོད་པ་རེད།

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ནང་། འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་ཟེར་བ་བྱས་ནས་ལོ་ ༦༠ འཁོར་ཡོད་སྐོར་དང་། བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་དབུལ་པོ་དབུལ་ནག་མེད་པ་བཟོ་རྒྱུའི་ཐག་གཅོད་རང་བཞིན་གྱི་ལས་དོན་ལེགས་འགྲུབ་བྱེད་པའི་ལོ་ཞིག་བཅས་ཡིན་པས། ཚོགས་ཞུགས་འཐུས་མི་ཚོས་ཏང་དང་མི་མང་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཀྱི་ཐོག་ནས་ཁྲིམས་ལྟར་ལས་འགན་སྒྲུབ་པ་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་དགོས་སྐོར་སོགས་བསྒྲགས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༡/༡༡

Leave a Reply

One thought on “ཕྱི་མི་ཡུལ་སྐོར་བ་བོད་ནང་འགྲོ་རྒྱུ་ལས་སླ་རུ་བཏང་ཡོད་ཟེར།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཕྱི་མི་བོད་ནང་ཡུལ་སྐོར་སྤྲོ་ཁྱམས་ལ་ཡོང་རྒྱུ་ལས་སླ་རུ་ཕྱིན་པ་རེད་དམ་རྒྱ་ནག་གི་མཁེ་
    ཕན་དཔལ་འབྱོར་འདུ་འགོད་ཆེད་ལས་སླ་རུ་བཏང་བ་རེད་དེ་ཡང་གསལ་པོ་ཤེས་མ་སོང་
    ལ་ཡུལ་འཁོར་སྤྲོ་ཁྱམས་ཇི་ཙམ་མང་བ་དེ་ཙམ་གྱི་་རྒད་སྙིགས་དང་བག་རྩོག་ནད་རིམ་སོགས་མང་
    བ་ཡོང་རྒྱུ་་ལ་སོང་དེ་ཚོར་རྒྱ་ནག་གཞུང་གི་གདོང་ལེན་གནང་རྒྱུའི་འཆར་གཞི་ག་འདྲ་ཡོད་པ་ཡིན་ནམ།།