སྐྱབས་རྟེན་བསྔོ་རྟེན་འབུལ་མཁན་ལའང་ཁ་བྲལ་བར་དངུལ་སྤྲད་པའི་ཉེས་མིང་འགེལ་གྱི་ཡོད།

རྒྱ་ནག་གཞུང་གིས་འདས་ལོར་བོད་རང་སྐྱོང་ལྗོངས་ནང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་དང་ཡང་ན་དཔལ་འབྱོར་གྱི་རྒྱབ་རྟེན་འོག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ ༢༥ ལ་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་འདུགརྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན། བོད་ཀྱི་རྒྱལ་ས་ལྷ་སར་འཚོགས་བཞིན་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བའི་ཐོག ཕྱི་ལོ་ ༢༠༡༨ ལོར་བོད་ལྗོངས་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཕྱི་ལོ་ ༢༠༡༨ ལོར་གྱོད་དོན་གྲངས་ཁྲི་ ༣ ལྷག་ལ་འདྲི་ཞིབ་བྱས་ཡོད་པ་དང་། དེའི་ནང་ནས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་དང་ཡང་ན་དཔལ་འབྱོར་གྱི་རྒྱབ་རྟེན་འོག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་དོན་ ༢༥ ལ་འདྲི་ཞིབ་བྱས་པ་བརྒྱུད་མི་ ༢༥ ལ་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་འདུག ཡིན་ནའང་། མི་དེ་དག་གི་མིང་དང་མི་རིགས། ཉེས་ཆད་ག་རེ་བཅད་ཡོད་སོགས་གསལ་པོ་མི་འདུག

ཡང་གནས་ཚུལ་དེའི་ནང་ཕྱི་ལོ་ ༢༠༡༨ ཟླ་ ༡ ནས་བཟུང་བོད་རང་སྐྱོང་ལྗོངས་ནང་ནག་འཇོམས་ཟེར་བའི་ལས་གཞི་ཤུགས་ཆེན་སྤེལ་ཏེ། དོགས་གཞི་ཡོད་རིགས་གང་བྱུང་འཛིན་བྱུང་དང་དམ་དྲག་རྟོག་ཞིབ་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལས་གཞི་དེ་དང་འབྲེལ་བའི་ཉེས་དོན་ ༢༦༨ ལ་འདྲི་ཞིབ་ཀྱིས་མི་གྲངས་ ༣༦༠ ལ་ནག་ཉེས་ར་འཕྲོད་ཡོད་པ་མ་ཟད། ལྐོག་ཟ་རུལ་སུངས་དང་འབྲེལ་ནས་ཉེས་དོན་ ༤༩ ལ་འདྲི་ཞིབ་བྱས་པ་བརྒྱུད་མི་གྲངས་ ༥༥ ཡི་ནག་ཉེས་ར་འཕྲོད་ཡོད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ། རྒྱལ་ཁབ་ཁ་བྲལ་དང་ནག་འཇོམས་ཞེས་པ་ག་འདྲ་ཞིག་ལ་གཞི་འཛིན་གྱི་ཡོད་དྲིས་པར། བོད་ནང་ནག་ཚོགས་དེ་འདྲ་དམིགས་བསལ་ཡོད་པ་མ་རེད་དེ། ཆབ་སྲིད་ཀྱི་ལས་ཀ་གང་འདྲ་ཞིག་ཡིན་པ་ཡིནའང་ཁ་བྲལ་ཞེས་མིང་འདོགས་བྱེད་ཀྱི་ཡོད་པ་རེད། ནམ་རྒྱུན་བོད་ནང་ཁོར་ཡུག་སྲུང་སྐྱོབ་དང་སྐད་ཡིག་སྲུང་སྐྱོབ་བྱེད་མཁན་དེ་ཚོའང་ནག་འཇོམས་ཞེས་པའི་ཉེས་མིང་གཡོག་གི་ཡོད་པ་རེད། ནག་ཚོགས་ཀྱི་དཀའ་ངལ་དེ་རྒྱ་ནག་ནང་དུ་ཤུགས་ཆེན་པོ་ཡོད་ཀྱང་། བོད་ནང་དེའི་སྐོར་ལ་ཐད་ཀར་འབྲེལ་བ་ཡོད་པ་མ་རེད། འོན་ཀྱང་བོད་མིའི་ངོ་བོ་དང་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལ་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱེད་པར་གཉའ་གནོན་བྱེད་ཐབས་སུ་ཁ་གཡོར་ས་ཙམ་རེད། དེ་བཞིན་གཞི་ལུས་བོད་མིས་རྒྱ་གར་ནང་དུ་བསྔོ་རྟེན་ཕུལ་བ་དང་མཆོད་འབུལ་བྱས་པ་ལྟ་བུའང་ཁ་བྲལ་བར་དངུལ་སྤྲོད་ཀྱི་ཡོད་པ་སོགས་ཀྱི་ཉེས་མིང་འཛུགས་ཀྱི་ཡོད་པ་རེད། རྒྱལ་ཁབ་ཁ་བྲལ་ལ་དྲག་གནོན་དང་ནག་འཇོམས་ཐོག་རྡུང་རྡེག་ཚ་ནན་ཟེར་བ་དེ་ཚོ་ཁ་ཁར་དབྱེ་ཡོད་པ་དེ་ནི་རྣམ་པ་ཙམ་སྟོན་བྱེད་རེད་མ་གཏོགས་དོན་གྱི་གཅིག་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༡/༡༤

Leave a Reply