ཁེ་ན་ཌར་གནས་སྤོར་བ་ས་ཡ་ ༡ ལྷག་ལེན་རྒྱུ་ཡིན་ཟེར།

ཁེ་ན་ཌ་གཞུང་གིས་རིག་རྩལ་ལྡན་ཞིང་དམིགས་བསལ་དཔལ་འབྱོར་གྱི་དགོས་མཁོ་བསྐྲུན་ནུས་པ་དང་སྐྱབས་བཅོལ་བ་སོགས་མི་ས་ཡ་གཅིག་ལྷག་ལེན་རྒྱུ་ཡིན་སྐོར་བསྒྲགས་འདུགཁེ་ན་ཌ་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་སྔོན་ཁེ་ན་ཌའི་གྲོས་ཚོགས་ནང་ཁེ་ན་ཌའི་མི་འབོར་དོ་སྙོམས་མིན་པའི་དཀའ་ངལ་ཐོག་གྲོས་བསྡུར་བྱས་པ་བརྒྱུད། ཁེ་ན་ཌའི་ནང་རྒ་བཞིན་པའི་མི་འབོར་མང་དྲགས་པ་དང་གསར་སྐྱེས་ཀྱི་མི་འབོར་ཉུང་དྲགས་རྐྱེན་འོག ཁེ་ན་ཌའི་ནང་ལས་གཉེར་བའི་གཞོན་སྐྱེས་ཉུང་དྲགས་ཀྱི་ཡོད་པར་བརྟེན། ཁེ་ན་ཌའི་ཕྱི་མི་གཞིས་སྤོར་ལྷན་ཁང་གིས། ཕྱི་ལོ་ ༢༠༡༩ ནས ༢༠༢༡ བར་ལོ་གསུམ་ནང་ཁེ་ན་ཌའི་ནང་ཁྱོན་མི་འབོར་ས་ཡ་ ༡ ལེན་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་རེད།

ཁེ་ན་ཌའི་ཕྱི་མི་གཞིས་སྤོར་དང་སྐྱབས་བཅོལ། དེ་བཞིན། མི་སེར་ལྷན་ཁང་གི་བློན་ཆེན་ཨ་མེ་ཌི་ཧོ་སན་(Ahmed Hussen)ལགས་ཀྱིས། ཕྱི་མི་གནས་སྤོར་བ་དང་ཁོ་ཚོའི་རྗེས་འབྲངས་པ་ཚོས་ཁེ་ན་ཌར་བྱས་རྗེེས་ཆེན་པོ་བཞག་ཡོད་ལ། ཁེ་ན་ཌའི་མ་འོངས་པའང་ཕྱི་མི་གནས་སྤོར་བར་རག་ལས་ཡོད་སྟབས། ང་ཚོས་སྔོན་མ་ནས་ཁེ་ན་ཌའི་ནང་ཕེབས་འདོད་ཡོད་པ་ཚོ་ཕེབས་བསུ་ཞུས་ནས་ཡོང་ཡོད་ལ། ད་ལྟ་ང་ཚོའི་ལས་གཞི་གསར་པའི་ནང་ཆ་ཤས་ལེན་པར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཁེ་ན་ཌ་ནི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཞིག་སྟེ་ང་ཚོ་ཚང་མར་བདེ་སྐྱིད་ཐོབ་སའི་ལུང་པ་ཞིག་ཡིན། ཞེས་བརྗོད་ཡོད་པ་རེད།

ཕྱི་མི་གཞིས་སྤོར་གྱི་ལས་འཆར་འདིའི་ནང་། ཕྱི་ལོ་ ༢༠༡༩ ལོར་ཕྱི་མི་གནས་སྤོར་བའི་མི་འབོར་ཁྱོན་ ༣༣༠༨༠༠ དང་། ཕྱི་ལོ་ ༢༠༢༠ ལོར་མི་གྲངས་ ༣༤༡༠༠༠། དེ་བཞིན། ཕྱི་ལོ་ ༢༠༢༡ ལོར་མི་འབོར་ ༣༥༠༠༠༠ བཅས་ཁྱོན་ས་ཡ་ ༡ ལྷག་ཙམ་ལེན་རྒྱུའི་འཆར་གཞི་སྒྲིག་ཡོད་འདུག་ལ། ལས་འཆར་འདིའི་ནང་གཙོ་བོ་ཁེ་ན་ཌ་གཞུང་གིས་རིག་རྩལ་ལྡན་ཞིང་ནུས་ཤུགས་འདོན་ཐུབ་པ་དང་། དམིགས་བསལ་ཁེ་ན་ཌའི་དཔལ་འབྱོར་དགོས་མཁོའི་ཐད་ནུས་ཤུགས་འདོན་ཐུབ་པ། དེ་བཞིན། བཟའ་མི་མཉམ་འཛོམས་དང་སྐྱབས་བཅོལ་བ་སོགས་མི་ཚེ་གསར་པ་སྐྱེལ་འདོད་ཀྱི་རིགས་ལ་དགའ་བསུ་དང་ཕེབས་བསུ་ཞུ་རྒྱུ་ཡིན་སྐོར་སོགས་བཀོད་འདུག

ཁེ་ན་ཌ་གཞུང་གི་གསལ་བསྒྲགས་ནང་ཕྱི་ལོ་ ༢༠༡༧ དང་ ༢༠༡༨ གཉིས་ཀྱི་མི་འབོར་ཞིབ་བྱས་པ་བརྒྱུད་ཁེ་ན་ཌའི་མི་སེར་ལྔ་ལས་གཅིག་ཕྱི་མི་གཞིས་སྤོར་བ་ཡིན་པ་གོ་རྟོགས་བྱུང་ཡོད་པ་དང་། ཁེ་ན་ཌའི་ཕྱི་མི་གཞིས་སྤོར་གྱི་བློན་ཆེན་ཨ་མེ་ཌི་ཧོ་སན་ལགས་ཀྱང་སོ་མ་ལེ་ཡ(Somalia)་ནས་གནས་སྤོར་བྱས་པའི་མི་ཞིག་ཡིན་པ་རེད།

ཁེ་ན་ཌ་གཞུང་གིས་ཕྱི་ལོ་ ༢༠༡༧ ལོ་གཅིག་པུར་ཕྱི་མི་གནས་སྤོར་བ་མི་གྲངས་ ༢༨༦༠༠༠ བླངས་ཡོད་པ་དང་། ་ཕྱི་ལོ་ ༢༠༡༠ ལོར་དམིགས་བསལ་༧གོང་ས་མཆོག་གི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་ལོ་ངོ་༢༡ འཁོར་བའི་དུས་དྲན་དང་བསྟུན། ཁེ་ན་ཌའི་གཞུང་གིས་བོད་མི་གཅིག་སྟོང་ཁེ་ན་ཌར་སྐྱབས་བཅོལ་ལེན་རྒྱུ་ཡིན་པ་ཡོངས་བསྒྲགས་ཀྱིས་དངོས་སུ་ལག་བསྟར་བྱས་ཡོད་པ་རེད།

 

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༡/༡༥

Leave a Reply

3 thoughts on “ཁེ་ན་ཌར་གནས་སྤོར་བ་ས་ཡ་ ༡ ལྷག་ལེན་རྒྱུ་ཡིན་ཟེར།

  1. ནག་མོའི་ཁོལ།

    གསར་འགྱུར་དོན་སྙང་ལྡན་པ་རེད། ནམ་རྒྱུན་འདི་དང་འདི་ལྟ་བུའི་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་གལ་ཆེན་རིགས་བོད་པ་ཚོར་གོ་རྟོགས་སྤེལ་གལ་ཆེ།

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    གཏམ་བཟང་འདི་ལ་དབུས་བོད་མིའི་སྒྲིག་འཛུགས་ནས་སྒོ་སྐབས་ལ་
    དམ་འཛིན་གནང་ནས་བཙན་བྱོལ་སྤྱི་ཚོགས་ནང་ནས་ན་གཞོན་ལས་མེད
    གང་མང་ཀེ་ན་ཌའི་ཕྱི་མི་ལེན་རྒྱུའི་ལས་འཆར་འདིའི་ནང་གཏོང་ཐུབ་པའི་
    འགན་ཁུར་ལེན་དགོས་པ་བཙན་བྱོལ་བོད་མིའི་འཚོ་བའི་གནས་སྟགས་ལ་
    འགན་ཁུར་བཞེས་ནས་ད་ལམ་གྱི་སྒོ་སྐབས་འདི་ནམ་ཡང་ཤོར་མི་ཉན་ནོ།