གངས་ལྗོངས་ནོར་འབྲས་བཟོ་གྲྭས་ཐོན་སྐྱེད་འབྲས་རིགས་ཐོན་ཡོད།

བྷན་ཌར་ནོར་རྒྱལ་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་ཚོས་ཐོན་སྐྱེད་བྱས་པའི་འབྲས་རིགས་ཁག་ཁྲོམ་རའི་ནང་དངོས་སུ་ཚོང་མགོ་ཚུགས་སོང་། 
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། བོད་མིའི་སྒྲིག་འཛུགས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བྷན་ཌར་ནོར་རྒྱལ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འབྲེལ་ལས་ཁང་གི་འབྲས་འཐག་བཟོ་གྲྭའམ་གངས་ལྗོངས་ནོར་འབྲས་བཟོ་གྲྭས་ཐོན་སྐྱེད་བྱས་པའི་འབྲས་རིགས་ཁག་ཅིག་འགྲེམས་ཚོང་དབུ་འབྱེད་ཀྱི་གསལ་འགོད་གསལ་བསྒྲགས་ཤིག་གནང་སོང་བ་དང་། མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་དང་། ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཀརྨ་ཆོས་དབྱིངས་དང་ནོར་རྒྱལ་གླིང་མཉམ་འབྲེལ་གྱི་ཚོགས་གཙོ་དང་དྲུང་ཆེ་བཅས་ཕེབས་འདུག

མཛད་སྒོའི་ཐོག་མར་འཆར་འགོད་འགན་འཛིན་ལགས་ནས། དེ་རིང་འདིར་ཆེད་དུ་གསལ་འགོད་གསལ་བསྒྲགས་གནང་དགོས་དོན་དེ་བོད་མིའི་སྒྲིག་འཛུགས་ངོས་ནས་སྤྱི་ཚོགས་བདེ་དོན་དང་དཔལ་འབྱོར་འཛུགས་སྐྲུན། ཚོགས་པ་ཡར་རྒྱས་ཀྱི་ཆེད་དུ་ལས་གཞི་ཞིག་ལོ་གཉིས་དང་ཕྱེད་ཀའི་སྔོན་ནས་འགྲོ་བསྡད་ཡོད་པ་ལྟར། ད་ལྟ་ལས་གཞི་དེ་ལེགས་འགྲུབ་བྱུང་ནས་དེ་ཡི་འབྲས་བུ་དེ་ཁྲོམ་རའི་ནང་དུ་ཕྱི་ལ་ཐོན་པའི་དུས་ལ་སླེབས་བསྡད་ཡོད་པ་རེད་ལ། ལས་གཞི་དེ་གཙོ་བོ་བྷན་ཌར་ས་གནས་ནས་ལག་བསྟར་གནང་ནས་གྲུབ་འབྲས་བྱུང་བ་ཞིག་ཡིན་པ་དང་། ལས་དོན་དེ་སྤྱི་ཚོགས་ནང་ལ་གནས་ཚུལ་གསར་བ་ལྟ་བུ་ཞིག་ཆགས་ཡོད་སྟབས། ཚང་མས་ཤེས་ཐུབ་པ་བྱུང་བ་ཡིན་ན་སྤྱི་ཚོགས་ཁྲོད་རང་ཁ་རང་གསོ་དང་རང་མོས་རང་ལེན་སོགས་འཛུགས་སྐྲུན་ཡར་རྒྱས་ཐད་དོན་དང་ལྡན་པའི་ཕན་ཐོགས་ཤིག་ཡོང་གི་རེད་བསམ་པ་ཡིན། ཞེས་བརྗོད་བྱུང་།

ལས་གཞི་དེ་གཙོ་བོ་ཕྱི་ལོ་ ༢༠༡༤ ལོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བྷན་ཌར་གཞིས་ཆགས་སུ་ཕེབས་སྐབས། ས་གནས་མི་མང་ལ་རོགས་སྐྱོར་ཆེད་ཧིན་སྒོར་འབུམ་ ༡༥༧ གནང་ཡོད་པ་དང་། ཕྱག་དངུལ་དེ་བརྒྱུད་ནས་མི་མང་ལ་རྒྱུན་རིང་བོར་ཕན་ཐོགས་ཀྱི་ལས་གཞི་ཞིག་བརྩམ་དགོས་པར་དགོངས་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ཀྱི་འཆར་འགོད་སྡེ་ཚན་དང་ས་གནས་མཉམ་འབྲེལ་གཉིས་མཉམ་འབྲེལ་གྱིས་ནང་སྲིད་ལས་ཁུངས་ངོས་ནས་ཧིན་སྒོར་འབུམ་ ༤ དང་འབྲས་ཀྱི་བཟོ་གྲྭ་འཛུགས་སའི་ས་ཆའི་ཆོག་མཆན་གནང་སྟེ། ཕྱི་ལོ་ ༢༠༡༥ ནས་དངོས་སུ་མགོ་ཚུགས་པ་ཡིན་པ་དང་། ལས་གཞིའི་དེའི་དམིགས་ཡུལ་དེ་ས་གནས་དེའི་ཐོན་ཁུངས་གཅིག་ཁྲོམ་རའི་ནང་ལ་འཁུར་ཐུབ་པ་བྱ་རྒྱུ་དང་། ལྷག་པར་དུ་བྷན་ཌར་གཞིས་ཆགས་དེ་རྒྱ་གར་གྱི་འབྲས་ཐོན་སྐྱེད་བྱེད་སའི་ས་ཆ་ཡག་ཤོས་ཤིག་དང་འབྲས་ཀྱི་བང་མཛོད་ལྟ་བུར་ཆགས་ཡོད་དུས། རྒྱ་གར་ཡུལ་མིའི་ཞིང་ཁ་ནས་ཐོན་པའི་འབྲས་རྣམས་ཁྲོམ་རའི་རིན་གོང་ལྟར་ཉོས་ཏེ། བོད་མིའི་འབྲས་འཐག་བཟོ་གྲྭ་བརྒྱུད་གཙང་སེལ་བྱས་ཏེ་འབྲས་རིགས་མི་འདྲ་བ་ཐོན་སྐྱེད་བྱས་པ་ཞིག་ཡིན་འདུག

ཐོན་སྐྱེད་བྱས་པའི་འབྲས་ལ་ནོར་འབྲས་དྲི་ཞིམ་དང་རིགས་མི་འདྲ་བ་གཉིས་ཅན་གྱི་ནོར་འབྲས་གངས་དཀར། ནོར་འབྲས་སྨུག་པོ་བཅས་ཡོད་པ་དང་། འབྲས་དེ་དག་ཞིང་ཁ་ནས་འདེབས་འཛུགས་བྱས་པ་ནས་འཕྲུལ་ལས་ཐོན་སྐྱེད་ཀྱིས་ཁྲོམ་རའི་ནང་མ་སླེབས་བར་དུ་སླད་བརྒྱབ་པ་དང་འབྲས་མི་འདྲ་བ་མཉམ་བསྲེས་བྱས་པ་སོགས་མེད་པ་དང་། མཉམ་འབྲེལ་དྲུང་ཆེ་ཡིས་སྤྱིར་འབྲས་འཐག་བཟོ་གྲྭ་དེས་མ་འོངས་པར་འབྲས་ཐུག་དང་སྣུམ་སོགས་ཐོན་སྐྱེད་བྱས་ཏེ་བོད་མི་ཚོར་རང་ཁ་རང་གསོ་དང་དཔལ་འབྱོར་མཁོ་སྒྲུབ་ལ་ཕན་ཐོགས་ཡོད་པ་དང་། ད་ལྟའི་ཆར་ཐོན་སྐྱེད་བྱས་པའི་འབྲས་དེ་དག་ལ་རྒྱ་གར་གཞུང་ངོས་ནས་ཚོང་རྟགས་སོགས་མེད་ན་ཡང་མ་འོངས་པར་མུ་མཐུད་ཡར་རྒྱས་བཏང་སྟེ་ཚོང་རྟགས་ལེན་རྒྱུ་ཡིན་སྐོར་བརྗོད་སོང་།

ཐེངས་འདིར་ཐོན་སྐྱེད་བྱས་པའི་འབྲས་ཁུག་གཅིག་ལ་ལྗིད་ཚད་ཀེ་ལོ་གྷི་རམ་ ༢༥ ཡོད་པ་དང་། རིན་གོང་ཆགས་ཡང་བཏང་རྗེས་ནོར་འབྲས་དྲི་ཞིམ་ཀེ་ལོ་གཅིག་ལ་སྒོར་ ༥༠ དང་ནོར་འབྲས་གངས་དཀར་ཀེ་ལོ་གཅིག་ལ་སྒོར་༤༠། ནོར་འབྲས་སྨུག་པོ་ཀེ་ལོ་གཅིག་ལ་སྒོར་ ༤༠ བཅས་ཡིན་པ་དང་། ད་ལྟའི་ཆར་བོད་པ་འདུས་སྡོད་ཀྱི་ས་གནས་ཁག་ཏུ་མཉམ་འབྲེལ་བརྒྱུད་འགྲེམས་ཚོང་བྱེད་རྒྱུ་ཡིན་པ་དང་། འབྲས་དེ་དག་རྒྱ་གར་ནང་གི་འབྲས་ཨང་དང་པོའི་ནང་དུ་སླེབས་མི་ཐུབ་ན་ཡང་ཨང་གཉིས་པའི་ནང་དུ་ཚུད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༡/༡༥

Leave a Reply

2 thoughts on “གངས་ལྗོངས་ནོར་འབྲས་བཟོ་གྲྭས་ཐོན་སྐྱེད་འབྲས་རིགས་ཐོན་ཡོད།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཁ་དྲོ་གཏམ་བཟང་སོ་ནམས་གཞིས་ཆགས་ཀྱི་སྟོན་འབྲས་ཁྲོམས་རར་
    སྐྱེལ་རྒྱུ་རག་པ་ཙམ་གྱི་མིང་དོན་མཚུངས་པ་རེད་སོ་ནམས་གཞིས་ཆགས་གཞན་
    པ་ཚོའི་སྟོན་འབྲས་འཐོན་འབབས་ཁྲོམས་རར་གཏོང་ཐུབ་པའི་འགན་ཁུར་
    དབུས་ས་གཉིས་ནས་བཞེས་དགོས་པ་བཅས་ནོར་རྒྱས་གླིང་གི་འབྲེལ་ཡོད་
    འགོ་ལས་དང་ངལ་རྩོལ་ཞིང་པ་ཉམས་ཆུང་ཚང་མར་བཀྲིས་བདེ་ལེགས་ཀྱི་
    འཚམས་འདྲི་ཞུ་གི་ཐུགས་རྗེ་ཆེ།