རྫོགས་ཆེན་རིན་པོ་ཆེ་རྙིང་མའི་ཁྲི་རབས་བརྒྱད་པར་བསྐོ་བཞག་ཞུ་གཏན་འཁེལ།

ཁ་སང་བོད་ཚེས་བརྒྱད་ཉིན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༠ པའི་ཐོག་གྲུབ་དབང་རྫོགས་སྤྲུལ་བདུན་པ་༧བསྟན་འཛིན་འཇིགས་བྲལ་ལྷུན་པོ་མཆོག་སྔ་འགྱུར་རྙིང་མའི་ཁྲི་རབས་བརྒྱད་པར་བསྐོ་བཞག་ཞུ་རྒྱུ་ཐག་གཅོད་གནང་འདུགཟླ་འདིའི་ཕྱི་ཚེས་ ༦ ནས་ ༡༦ བར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༠ པ་འཚོགས་བཞིན་ཡོད་པ་དང་། ལོ་ལྟར་བོད་ཟླ་ ༡༢ པའི་ཚེས་ ༨ ཉིན་སྔ་འགྱུར་རྙིང་མའི་ཚོགས་འདུ་ཚོགས་སྲོལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོར་གནས་མཆོག་རྡོ་རྗེ་གདན་དུ། རྙིང་མའི་བླ་ཆེན་རྣམ་པ་དང་། དགོན་ཁག་གི་བླ་སྤྲུལ་སྐུ་ཚབ་རྣམ་པ། དེ་བཞིན་སྤྱི་འཐུས་དང་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་རྒྱུན་ལས་རྣམ་པ་བཅས་ལྷན་བཞུགས་ཐོག ཕྱི་ལོ་ ༢༠༡༨ ལོའི་རྙིང་མའི་ཚོགས་འདུའི་ཐོག་ཁྲི་རབས་བསྐོ་བཞག་གནང་ཕྱོགས་གཏན་འབེབ་ཟིན་པ་གཞིར་བཟུང་། རྒྱ་གར་ལྷོ་ཕྱོགས་ཀྱི་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་དབུ་འཛིན་གྲུབ་དབང་རྫོགས་སྤྲུལ་བདུན་པ་༧བསྟན་འཛིན་འཇིགས་བྲལ་ལྷུན་པོ་མཆོག་སྔ་འགྱུར་རྙིང་མའི་ཁྲི་རབས་བརྒྱད་པར་བསྐོ་བཞག་ཞུ་རྒྱུ་ཐག་གཅོད་གནང་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སྔ་འགྱུར་རྙིང་མའི་སྤྱི་འཐུས་འཇམ་དཔལ་བསྟན་འཛིན་ལགས་སུ། ཁྲི་རབས་གསར་པ་བསྐོ་བཞག་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཁ་སང་༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མའི་ཁྲི་རབས་བརྒྱད་པར་བསྐོ་བཞག་ཞུ་རྒྱུ་ཐག་གཅོད་གནང་ཡོད་ཀྱང་། ད་ལྟའི་ཆར་རྫོགས་ཆེན་རིན་པོ་ཆེར་སྙན་གསེང་ཞུས་མེད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༠ ཡས་མས་ལ་རྫོགས་ཆེན་རིན་པོ་ཆེའི་སྐུ་མདུན་ལ་བཅར་ཏེ་སྙན་གསེང་གསོལ་འདེབས་ཞུ་འཆར་ཡོད། ཅེས་བརྗོད་བྱུང་།

གྲུབ་དབང་རྫོགས་སྤྲུལ་བདུན་པ་༧བསྟན་འཛིན་འཇིགས་བྲལ་ལྷུན་པོ་མཆོག་ནི་ཕྱི་ལོ་ ༡༩༦༤ ལོར་འབྲས་ལྗོངས་སུ་ཨ་གདུགས་ལྭ་དཀར་ཚང་གི་ཡབ་ཚེ་དབང་དཔལ་འབྱོར་དང་ཡུམ་ཚེ་རིང་དབང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་པ་དང་། དེ་མ་ཐག་༧སྐྱབས་རྗེ་རྡོ་གྲུབ་ཆེན་མཆོག་འབྲས་ལྗོངས་ལ་ཆེད་ཕེབས་ཀྱིས་ཐུབ་བསྟན་འཇིགས་མེད་བློ་གསལ་དབང་པོ་ཞེས་མཚན་གསོལ་ཏེ། རྫོགས་སྤྲུལ་སྐུ་ཕྲེང་དྲུག་པ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་གྲངས་ ༦ ནས་ར་ཧོར་མཁན་ཆེན་ཐུབ་བསྟན་མཆོག་དང་། མཁན་ཆེན་ཟླ་ཟེར་མཆོག་སོགས་ལས་འབྲི་ཀློག་དང་ཆོ་ག་ཕྱག་ལེན་སོགས་སྦྱངས།  ཕྱི་ལོ་༡༩༧༢ ཟླ་༡༠ ཚེས་༨ ཉིན་ཏེ་དགུང་གྲངས་ ༩ སྟེང་རྫོགས་ཆེན་མཁན་ཆེན་རྣམ་བཞི་སོགས་སྐུ་ཚབ་ཚོགས་པས་འབྲས་ལྗོངས་ཆོས་རྒྱལ་རིམ་བྱོན་གྱི་ཕོ་བྲང་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་དུ་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་དབུ་བཞུགས་ཐོག་གསེར་ཁྲིར་མངའ་གསོལ་མཛད་དེ་འབྲས་ལྗོངས་བཤད་གྲྭར་ཞུགས།

དེ་ནས་མཁན་ཆེན་བརྩོན་འགྲུས་མཆོག་གི་མདུན་ནས་སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག་སོགས་ཐུན་མོང་རིག་གནས་ལ་གསན་བཞེས་གནང་བ་དང་། རིམ་གྱིས་རྡོ་གྲུབ་རིན་པོ་ཆེ་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། བདུད་འཇོམས་རིན་པོ་ཆེ། མཁྱེན་བརྩེ་རིན་པོ་ཆེ་སོགས་སྔ་འགྱུར་རྙིང་མའི་སྐྱེས་ཆེན་དུ་མའི་མདུན་ནས་རང་ལུགས་ཀྱི་དབང་ལུང་ཁྲིད་གསུམ་གསན་བཞེས་གནང་། ༸གོང་ས་མཆོག་ནས་རྫོགས་སྤྲུལ་དྲུག་པའི་ཡང་སྲིད་དངོས་ཡིན་པའི་ཉམས་སྣང་བྱུང་ཚུལ་སོགས་གཟེངས་བསྟོད་གནང་ཞིང་གཙུག་ཕུད་བཞེས་ཏེ་མཚན་དུ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་ཞེས་གསོལ་ཡོད་པ་མ་ཟད། ༧གོང་ས་མཆོག་གི་བཀའ་མངགས་བཞིན་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་ཞུགས་ཏེ་སློབ་གཉེར་གནང་ཡོད་འདུག

ཕྱི་ལོ་ ༡༩༨༢ ལོར་བོད་དུ་ཕེབས་ནས་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གོང་མའི་གསེར་ཁྲིར་བཞུགས་ཏེ། དགོན་པས་༸གྲུབ་དབང་དང་པོ་པདྨ་རིག་འཛིན་གྱིས་ཐམ་ཀ་སོགས་རྟེན་གསུམ་གལ་ཆེན་དང་། དགོན་པའི་བསྟན་སྲིད་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བ་དང་། འབྲེལ་ཡོད་དགོན་ཁག་དུ་མར་ཆེད་དུ་ཕེབས་ཏེ་དད་ལྡན་སེར་སྐྱ་མི་མང་ལ་ཞལ་མཇལ་གསུང་ཐོས་པའི་སྐལ་བཟང་བསྩལ།ཕྱི་ལོ་ ༡༩༨༨ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ལྷོ་ཕྱོགས་ཀོ་ལི་སྒར་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཕྱི་ནང་གི་རྟེན་དང་བརྟེན་པ་གསར་བཞེངས་དབུ་འཛུགས་གནང་སྟེ། ཕྱི་ལོ་ ༡༩༩༢ ལོར་ལེགས་པར་གྲུབ་ཡོད་པ་དང་། དེ་བཞིན་གཞིས་ཆགས་དེའི་མི་མང་ཚོགས་ཁང་དང་སྤྱི་ཁང་གསར་རྒྱག་གིས་མཚོན་གློག་དང་ཟམ་པ་སོགས་ཀྱི་མཐུན་རྐྱེན་གང་མཁོ་སྐྲུན་གྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༠ ལོ་ནས་གཞིས་ཆགས་ནང་རྒན་གསོ་ཁང་དང་སློབ་གྲྭ་འཕྲོད་བསྟེན་སྨན་ཁང་སོགས་ཉམས་གསོ་མཛད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༡༥

Leave a Reply

3 thoughts on “རྫོགས་ཆེན་རིན་པོ་ཆེ་རྙིང་མའི་ཁྲི་རབས་བརྒྱད་པར་བསྐོ་བཞག་ཞུ་གཏན་འཁེལ།

  1. ཁྲི་འཛིན་བསྐོ་ལུགས་འདིས་རྙིང་མའི་དབུ་འཛིན་ལ་དད་པ་ཡིད་ཆེས་སླེབས་ཁག་པོ་ཡིན་པས། དེས་སྔ་འགྱུར་རྙིང་མའི་བསྟན་པ་ལའང་ཕན་ལས་གནོད་ཆེ་བ་ཞུ་ག་ལ་དགོས། ཁྲི་འཛིན་ཟེར་པ་དེ་ཚད་ལྡན་ཞིག་སླེབས་ན་ཡག་གི་རེད་མ་གཏོགས་པང་སྒྲིག་རྒྱུ་ཞིག་མ་རེད། དེ་ལྟར་བྱས་ན་ཙོར་རོ། རྒྱོ་དགའ། བསྟན་བཤིག་དག་ཀྱང་སླེབས་སྲིད། དེའི་ཆ་ནས་སྔ་འགྱུར་རྙིང་མས་ལམ་ལུགས་འདི་ལ་འགྱུར་བ་བཏང་ནས། རང་ཁོངས་ནས་བླ་སྤྲུལ་ཚད་ལྡན་འོས་མི་ལྔ་ལས་མི་ཉུང་བ་ཞིག་བདམས་ཏེ། དེའི་ཁྲོད་༧གོང་ས་མཆོག་གིས་ཐུགས་དམ་ཕྱག་རྟགས་ཕེབས་ན་ཡག་པོ་རེད།