སྔ་ཕྱི་མ་གཏོགས་རྒྱ་ནག་འཛམ་གླིང་གི་དམག་ཤུགས་ཆེ་ཤོས་ཆགས་ཉེན་འདུག་ཟེར།

ཨ་རིའི་རྒྱལ་སྲུང་གསང་བ་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་དམག་ཤུགས་གོ་མཚོན་བཅས་དེང་རབས་ཅན་དུ་བསྒྱུར་ཏེ་ཐའེ་ཝན་བཙན་བཟུང་བྱེད་པའི་གདེང་ཚོད་བསླེབས་ཡོད་སྐོར་བརྗོད་འདུགཁ་སང་ཕྱི་ཚེས་ ༡༥ ཉིན་ཨ་རིའི་རྒྱལ་སྲུང་གསང་བ་ལས་ཁུངས་(Defence Intelligence Agency)ཀྱིས་རྒྱ་ནག་གི་དམག་གི་སྟོབས་ཤུགས་ཞེས་པའི་སྙན་ཐོ་ཞིག་བཏོན་པའི་ནང་། གཙོ་བོ་རྒྱ་ནག་གི་རྒྱལ་སྲུང་དང་། དམག་གི་ཐབས་བྱུས། དམིགས་ཡུལ་སོགས་ཀྱི་སྐོར་དང་། དེ་བཞིན་དམག་གི་སྒྲིག་འཛུགས་ཁག་དང་། དེ་དག་གི་སྒྲོམ་གཞི་དང་སྟོབས་ཤུགས། གསར་བསྐྲུན་གྱི་གནས་བབ་སོགས་དང་། གཞན་ཡང་། ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་གྱུར་བ་ནས་བཟུང་བོད་དང་ཤིན་ཅང་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ནང་སྤྱི་ཚོགས་བདེ་འཇགས་ཀྱི་མིང་ཐོག་ནས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་དང་། སྤྱི་ཚོགས་བརྟན་བརླིང་ལ་དམིགས་ཏེ་ཆེད་དུ་ཉེན་རྟོག་རུ་ཁག་དང་དམིགས་བསལ་དམག་མི་སྔར་ལས་ལྷག་པ་བགོ་འགྲེམ་བྱེད་པ་དང་། དེ་བཞིན་རྒྱ་ནག་གིས་ཐའེ་ཝན་མཚོ་འགག་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་རང་གི་བདག་དབང་སྲུང་སྐྱོབ་དང་རྩོད་ལེན་བྱེད་ཆེད་སྤྱི་ཡོངས་ནས་བཅིངས་གྲོལ་དམག་མིའི་རྒྱལ་སྲུང་གི་ཐབས་བྱུས་དང་། གོ་མཚོན་སོགས་དེང་རབས་ཅན་དུ་འགྱུར་བར་འབད་བརྩོན་བྱས་ཏེ། མཐར་འཛམ་གླིང་གི་དམག་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་རྒྱུའི་མངོན་འདོད་དེ་སྒྲུབ་བཞིན་ཡོད་སྐོར་བཀོད་ཡོད་འདུག

ཨ་རིའི་རྒྱལ་སྲུང་གསང་བ་ལས་ཁུངས་ཀྱི་འགན་འཛིན་རོ་བྷ་ཊི་པི་ཨེ་ཤི་ལེ་(L. Gen. Robert P. Ashley) ཡིས། ང་ཚོས་རྒྱ་ནག་གིས་དཔལ་འབྱོར་དང་ཕྱི་སྲིད་ཀྱི་རྒྱབ་ལྗོངས་ལ་དམག་གི་སྟོབས་ཤུགས་ཇི་འདྲ་ཡོད་མེད་ཤེས་རྟོགས་ཐུབ་ཚེ། ད་གཟོད་ང་ཚོས་རང་གི་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་དམག་གི་མགོ་འཁྲིད་རྣམ་པར་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་ག་དུས་རྒོལ་རྡུང་དང་། སྐུལ་འདེད། མཉམ་རུབ་བྱེད་དགོས་མིན་ཤེས་ཐུབ་ཀྱི་རེད། ཅེས་དང་། ང་ཚོས་སྙན་ཐོ་འདི་བརྒྱུད་ནས་རང་གི་མི་མང་དང་མགོ་འཁྲིད། དེ་བཞིན་རྒྱལ་ཡོངས་བདེ་སྲུང་ཚན་པ་དང་། མཐུན་གྲོགས་རྒྱལ་ཁབ་རྣམས་ལ་དུས་རབས་ ༢༡ པ་འདིའི་ནང་གདོང་ལེན་བྱེད་དགོས་པའི་གནད་དོན་ཁག་སྟོན་ཐབས་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཡང་སྙན་ཐོའི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་ཆོས་དད་རང་དབང་དང་། རང་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་བྱེད་པ་ཐལ་སྤྱོད་རིང་ལུགས་སུ་ངོས་འཛིན་བྱས་ཏེ་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་སྐོར་དང་།  ཕྱི་ལོ་ ༢༠༡༧ ཟླ་ ༤ པ་ནས་བཟུང་རྒྱ་ནག་གཞུང་གིས་ད་བར་ཁ་ཆེ་བ་སྟོང་ཕྲག་བརྒལ་བ་བཙོན་འཇུག་བྱས་ཡོད་པ་དང་། ཤིན་ཅང་གི་སློབ་གསོ་བསྒྱུར་བཀོད་ཞེས་པའི་ལས་གཞིའི་ཁྲོད་སོ་ཉུལ་འཕྲུལ་ཆས་ཚད་མཐོན་པོ་བེད་སྤྱོད་བྱས་ཡོད་པ་དེ་དག་རིམ་པས་རྒྱ་ནག་རྒྱལ་ཡོངས་ནང་བེད་སྤྱོད་གཏོང་སྲིད་སྐོར་དང་། ད་ལྟའི་ཆར་སྤྱི་ཚོགས་བདེ་འཇགས་དང་བརྟན་བརླིང་ཆེད་དམིགས་བསལ་དམག་མི་འབུམ་ ༥ ལས་བརྒལ་བ་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༨ ལོར་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་ཀྱི་དམག་མི་ཡོངས་རྫོགས་དབུས་དམག་སྲིད་ལས་དོན་ལྷན་ཁང་(Central Military Commission) ཁོངས་སུ་བཅུག་སྟེ། དམག་མིའི་སྒྲིག་འཛུགས་དང་ཐབས་བྱུས། ལས་དོན་སོགས་ལ་བསྒྱུར་བཅོས་ཤུགས་ཆེན་པོ་བཏང་སྟེ་དེང་རབས་ཅན་དུ་བསྒྱུར་ཡོད་ཚུལ་བརྗོད་འདུག

ཐེངས་འདིའི་སྙན་ཐོའི་ནང་ཨ་རི་རྒྱལ་སྲུང་གསང་བ་ལས་ཁུངས་ཀྱི་སྙན་ཐོའི་ནང་། ཨ་རི་དང་བསྡུར་ན་རྒྱ་ནག་གི་དམག་གི་འགྲོ་གྲོན་དེ་ད་དུང་ཉུང་ཉུང་ཡིན་ཡང་། དམག་གི་སྟོབས་ཤུགས་གནས་བབ་ཐོག་ནས་བཤད་ན་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཀྱི་གོ་མཚོན་དང་། འཕྲུལ་ཆ་རྣམས་ཐད་ཀར་ཉོ་ཡི་ཡོད་པ་མ་ཟད། རྒྱལ་ཁབ་གཞན་གྱི་དམག་གི་རིག་རྩལ་རྣམས་བརྐུས་ཏེ་མ་དངུལ་དམའ་བོའི་ཐོག་ནས་ནུས་ཚད་གཅིག་མཚུངས་ཡིན་པའི་གོ་མཚོན་རིགས་གསར་བསྐྲུན་བྱེད་ཀྱི་ཡོད་སྟབས། ད་སྐབས་རྒྱ་ནག་བཅིངས་གྲོལ་དམག་ལ་གོ་མཚོན་དང་དམག་སྦྱོང་ནུས་པ། དེ་བཞིན་མི་ཆ་སོགས་ཀྱི་ཐད་ནས་ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཀྱི་དམག་ཤུགས་ལ་ཁ་གཏད་བཅག་སྟེ་ཐའེ་ཝན་མཚོ་འགག་དབང་བསྒྱུར་བའི་གདེང་ཚོད་ཡོད་པ་དང་། སྔ་ཕྱི་མ་གཏོགས་རྒྱ་ནག་དེ་འཛམ་གླིང་ཐོག་གི་དམག་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༡༦

Leave a Reply