རྒྱ་ནག་གཞུང་གིས་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་འཐོར་ཞིག་ཏུ་ཕྱིན་པ་ལས་བསླབ་བྱ་ལེན་དགོས།

ཧུའུ་ཡོ་པང་གི་བུས་རྒྱ་ནག་གི་ད་ལྟའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་འཐོར་ཞིག་ཏུ་ཕྱིན་སྐབས་ཀྱི་གནས་བབ་དང་གཅིག་མཚུངས་ཆགས་ཀྱི་ཡོད་པའི་ཉེན་བརྡ་བཏང་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན། རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་ཧོང་ཧྥན(Hongfan)ཁྲིམས་ལུགས་དང་དཔལ་འབྱོར་རིག་པའི་སློབ་གླིང་དུ། རྒྱ་ནག་གཞུང་གི་ཆབ་སྲིད་དང་དཔལ་འབྱོར་རིག་པའི་ཆེད་མཁས་པ་དང་ཤེས་ཡོན་པ་ཁག་ཅིག་མཉམ་འཛོམས་ཀྱིས་རྒྱ་ནག་གི་བཅོས་སྒྱུར་སྒོ་འབྱེད་ཟེར་བའི་ཐོག་བགྲོ་གླེང་བྱས་ཡོད་པ་དང་། ཚོགས་འདུའི་སྟེང་ཧུའུ་ཡའོ་པང་གི་བུ་ཆེ་བ་ཧུའུ་ངྷི་ཕིང་( Hu Deping )གིས། རྒྱ་ནག་གི་ད་ལྟའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་འཐོར་ཞིག་ཏུ་ཕྱིན་སྐབས་ཀྱི་གནས་བབ་དང་གཅིག་མཚུངས་ཆགས་ཀྱི་ཡོད་པའི་ཉེན་བརྡ་བཏང་སྟེ་སྐྱོན་བརྗོད་བྱས་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚོགས་འདུ་དེ་ནི་རྒྱ་ནག་གཞུང་གིས་སྒྱུར་བཅོས་སྒོ་འབྱེད་བྱས་ཏེ་ལོ་ངོ་ ༤༠ འཁོར་བར་ཆེད་དུ་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཚོགས་འདུའི་སྟེང་དེ་སྔའི་རྒྱ་ནག་གཞུང་གི་ཆབ་སྲིད་དང་དཔལ་འབྱོར་ལམ་སྟོན་པ་དང་། ཤེས་ཡོན་པ་དང་ཆེད་མཁས་པ་སོགས་མང་པོ་ཞིག་འཛོམས་ཡོད་པ་དང་། ཧུའུ་ངྷི་ཕིང་གིས་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོས་ངེས་པར་དུ་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་འཐོར་ཞིག་ཏུ་ཕྱིན་པའི་རྐྱེན་རྩ་ངོས་ཟིན་དགོས་པ་དང་། ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་འཐོར་ཞིག་ཏུ་ཕྱིན་པའི་རྐྱེན་རྩ་གཅིག་ནི། སྲིད་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་ཀྱི་དབང་ཤུགས་ཚད་མཐོ་བོའི་མཁྲེགས་འཛིན་བྱས་པས་ཡིན་སྟབས། རྒྱ་ནག་གི་མགོ་འཁྲིད་ཚོས་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་འཐོར་ཞིག་ཕྱིན་པ་ལས་བསླབ་བྱ་བླངས་ཏེ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཁ་ཕྱོགས་དང་དམིགས་ཡུལ་ངེས་གཏན་དགོས་སྐོར་སོགས་བརྗོད་འདུག

ཐེངས་འདིར་ཧུའུ་ངྷི་ཕིང་གི་གཏམ་བཤད་ཀྱི་བརྗོད་གཞི་སྒེར་གཉེར་ཚོང་ལས་དང་སྒྱུར་བཅོས་ཟེར་བ་ཡིན་ན་ཡང་ཁོས་རྒྱ་ནག་གི་དཔལ་འབྱོར་ཁ་ཕྱོགས་དང་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་འཐོར་ཞིག་ཕྱིན་པའི་སྐོར་ནས་ཤུགས་ཆེན་གླེང་ཡོད་པ་དང་། ཚོགས་ཞུགས་པའི་དྲི་བ་དྲིས་ལན་སྐབས་ཁོང་གིས་ཐེ་ཚོམ་ཅི་ཡང་མེད་པར་རྒྱ་ནག་གིས་ངེས་པར་དུ་ཆབ་སྲིད་ཐད་ནས་སྒྱུར་བཅོས་སྲ་ཐག་ཆོད་པ་ཞིག་བྱེད་དགོས་སྐོར་སོགས་བརྗོད་ཡོད་འདུག

འདི་ནི་ཧུའུ་ངྷི་ཕིང་གིས་རྒྱ་ནག་གཞུང་གི་མཐོ་རིམ་མགོ་འཁྲིད་ཚོའི་བྱེད་སྟངས་དང་། རྒྱ་ནག་གི་ཆབ་སྲིད་དཔལ་འབྱོར་ལངས་ཕྱོགས་ཐད་སྐྱོན་བརྗོད་བྱས་པ་ཐེངས་དང་པོ་མ་ཡིན་པར། ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་པེ་ཅིང་དུ་གཞུང་འབྲེལ་མ་ཡིན་པའི་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་གི་སྟེང་ཁོང་གིས་ལོ་ ༣༠ སྔོན་གྱི་ཆོད་ཡིག་ནང་རང་སྐྱོན་རང་བརྗོད་འདང་ངེས་ཤིག་བྱས་མེད་པ་དང༌། མི་ཁ་ཤས་ཀྱིས་དུས་ད་ལྟ་ཡིན་ན་ཡང་རིག་གནས་གསར་བརྗེ་སྐབས་ཀྱི་བྱེད་སྟངས་ཁ་ཤས་ལ་རྗེས་དྲན་བྱེད་པ་ནི་ཉམས་རྒུད་ཀྱི་རྣམ་པ་ཡིན་ཞིང༌། གསར་བརྗེ་བྱེད་མཁན་གྱི་དམར་ཤོག་ཚོགས་པ་ནི་གཞུང་འཛིན་གྱི་ཏང་ལ་སྒྱུར་ཐུབ་པ་བྱ་དགོས། དེ་ནི་ལོ་རྒྱུས་ཀྱི་གདམ་ག་དང༌གོ་སྐབས་ཡིན་སྐོར་དང་། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་སྤེལ་སྐབས། ཁོང་གིས་རྒྱ་ནག་ནང་དུ་ལྐོག་ཟ་རུལ་སུངས་གཙང་སེལ་བཟོ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་དང་། རྒྱ་ནག་གི་དཔོན་རིགས་བརྒྱ་ཆ་ ༩༦ ལྐོག་ཟ་རུལ་སུངས་ནང་ཚུད་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པས་སུ་ཞིག་དཀར་འདོན་དང་སུ་ཞིག་ཐེར་འདོན་བྱེད་ས་མེད་སྐོར་སོགས་བརྗོད་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་ཁོའི་སྐད་ཆ་དེ་དག་ནི་ད་ལོ་རྒྱ་ནག་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་དྲན་ཚོགས་འདུའི་སྟེང་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་ཆབ་སྲིད་གནས་བབ་སོགས་ལ་ལྟོས་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་མུ་མཐུད་བྱེད་དགོས་པ་དང་། བཅོས་སྒྱུར་སྒོ་འབྱེད་དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་ལམ་ལུགས་ལྟེ་བར་བཟུང་སྟེ་བྱ་དགོས་སྐོར་བརྗོད་པས་ཡིན་པ་དང་། སྔར་ལོ་རྒྱ་ནག་ལ་ཨ་རི་གཙོའི་རྒྱལ་སྤྱིའི་སྟེང་དཔལ་འབྱོར་དང་ཆབ་སྲིད་གནད་དོན་སོགས་ཕྱོགས་མང་པོ་ཞིག་ནས་དཀའ་ངལ་འཕྲད་ཡོད་ན་ཡང་། རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཚོས་མུ་མཐུད་དམར་ཤོག་ཚོགས་པའི་ལྟ་བ་མཁྲེགས་བཟུང་བྱས་ཏེ་བཅོས་བསྒྱུར་གཏོང་ཐབས་ལ་བསམ་བློ་གཏོང་གི་མེད་པས་ཡིན་སྐོར་བརྗོད་ཀྱི་འདུག

ཧུའུ་ངྷི་ཕིང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་འཁྲིད་གུ་ཡངས་ཅན་དང་གསར་བརྗེ་སྣེ་འཁྲིད་པ་ཧུའུ་ཡའོ་པང་གི་བུ་ཆེ་བ་ཡིན་པ་དང་། ཁོང་རྒྱ་ནག་པེ་ཅིན་གཙུག་ལག་སློབ་གཉེར་ཁང་ནས་མཐར་ཕྱིན་ཏེ་རྒྱ་ནག་རྒྱལ་ཡོངས་བཟོ་ལས་དང་ཚོང་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོའི་བར་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་སློབ་སྟོན་ལྷན་ཚོགས་ནང་ལས་ཀ་བྱས་ཡོད་འདུག ཁོང་གི་ཕ་ཧུའུ་ཡའོ་པང་ཕྱི་ལོ་ ༡༩༨༧ ལོར་འབྱོར་ལྡན་གྲལ་རིམ་གྱི་རང་དབང་ལ་རྒོལ་རྡུང་གཏོང་བའི་ལས་འགུལ་ཁྲོད་ཕམ་ཉེས་བྱུང་ཞིང་། ཆབ་སྲིད་ཀྱི་གོ་གནས་ཤོར་བ་དང་། ཕྱི་ལོ་ ༡༩༨༩ ཟླ་ ༤ བའི་ནང་ཁོང་ཚེ་ལས་འདས་ཡོད་པ་རེད། ཁོང་འདས་གྲོངས་སུ་ཕྱིན་རྗེས། རྒྱ་ནག་གི་སློབ་ཕྲུག་གཙོ་བོར་གྱུར་བའི་མང་ཚོགས་རང་བཞིན་གྱི་འདས་མཆོད་རྒྱ་ཆེན་པོ་སྤེལ་ཏེ། པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་སྟོང་ཕྲག་མང་པོས་རྔམ་སྟོན་ཁྲོམ་སྐོར་བྱས་ནས་དྲུག་བཞིའི་དམར་གསོད་དོན་རྐྱེན་བྱུང་ཡོད་པ་དང་། དོན་རྐྱེན་དེ་དུས་ད་ལྟའང་རྒྱ་ནག་གཞུང་གི་ཆེས་ཚོར་བ་རྣོ་བའི་ཆབ་སྲིད་ཀྱི་དཀའ་རྙོག་ཅིག་ཏུ་གྱུར་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༡/༡༨

Leave a Reply