དབུལ་ཕུངས་དུད་ཁྱིམ་ཟེར་བའི་ནང་རྒྱ་ནག་གཞུང་གི་ལས་བྱེད་ཚོ་ཡང་ཚུད་ཡོད་འདུག

རྒྱ་ནག་གཞུང་གིས་ད་ལོའི་ལོ་མཇུག་བར་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་གསེབ་དང་གྲོལ་རྡལ་ཁག་ཚང་མ་དབུལ་སྒྲོལ་འགག་གཏོར་ཆེད་གཞུང་ལམ་གྱིས་མཐུད་ཐུབ་པ་བྱ་རྒྱུ་ཡིན་ཟེར།
ཁ་སང་ཕྱི་ཚེས་ ༡༧ ཉིན། རྒྱ་ནག་གོ་ལའི་དུས་བབ་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ནས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་གྲོང་གསེབ་དང་གྲོང་རྡལ་ཁག་གཅིག་ཀྱང་མ་ལུས་པར་གཞུང་ལམ་བཟོས་ཏེ་ཕན་ཚུན་མཐུད་ཐུབ་པ་བྱ་འཆར་ཡོད་པ་དང་། བོད་རང་སྐྱོང་ལྗོངས་སྐྱེལ་འདྲེན་ལས་ཁུངས་ཀྱིས་གཞུང་ལམ་འཛུགས་སྐྲུན་དང་ཕན་ཚུན་འབྲེལ་མཐུད་ཀྱི་དམིགས་ཡུལ་ནི་དབུལ་སྒྲོལ་འགག་གཏོར་ལས་འགུལ་ཆེད་ཡིན་པ་དང་། དམིགས་བསལ་གྱིས་ལྷ་ས་ཁུལ་དུ་ད་དུང་ལམ་ཁའི་ཆ་རྐྱེན་མེད་པར་ལྷག་ཡོད་པའི་གྲོང་རྡལ་གཅིག་དང་གྲོང་གསེབ་ ༡༢ ཡོད་པ་ཚོའི་ཆེད་དུ་ཡིན་པ་དང་། རང་སྐྱོང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཐད་ཤུགས་སྣོན་དང་ཡར་རྒྱས་གཏོང་གི་ཡོད་སྐོར་བརྗོད་འདུག

ཡང་སྐྱེལ་འདྲེན་ལས་ཁུངས་དེས་སྔར་ལོ་རྒྱ་ནག་གཞུང་གིས་མ་དངུལ་རྒྱ་སྒོར་ཐེར་འབུམ་ ༣༧.༢༩ བཏང་ནས་གྲོང་གསེབ་ཁག་ཏུ་ཁང་པ་འཛུགས་སྐྲུན་དང་གཞུང་ལམ་རིང་ཚད་སྤྱི་ལེ་ ༡༣༠༠༠ ལྷག་བཟོས་ཡོད་པ་དང་། སྔར་ལོའི་ལོ་མཇུག་བར་ཁྱོན་བསྡོམས་གྲོང་གསེབ་ ༣༤ དང་གྲོང་རྡལ་ ༥༣༣ ལ་གཞུང་ལམ་རིང་ཚད་སྤྱི་ལེ་ ༦༨.༨༦༣ ལྷག་སྐྲུན་ཡོད་པ་དང་། གཞུང་ལམ་འཛུགས་སྐྲུན་ཁྲོད་ཞིང་འབྲོག་མང་ཚོགས་ ༢༤༤༠༠༠ ཞུགས་ཏེ་ཁྱོན་བསྡོམས་ཡོང་འབབ་རྒྱ་སྒོར་ཐེར་འབུམ་ ༦.༩༤  ཐོབ་ཡོད་ལུགས་དང་། ཕྱི་ལོ་ ༢༠༡༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དབུལ་ཁྱིམ་དུད་ཚང་ ༡༨༠༠༠ ལྷག་དབུལ་སྒྲོལ་ཐུབ་ཡོད་པ་དང་། ད་ལོ་དབུལ་ཁྱིམ་ ༡༥༠༠༠༠ ལྷག་དབུལ་ཕུངས་ལས་ཐར་ཐུབ་པ་བྱ་རྒྱུའི་དམིགས་འབེན་བཟུང་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་གིས་ལོ་རེ་བཞིན་བོད་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་ཚོ་བྱས་ནས་དབུལ་ཕུངས་ལས་ཐར་གྱི་ཡོད་ལུགས་སྒྲོག་གི་ཡོད་སྟབས། འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་ནག་གི་བོད་ནང་འཛུགས་སྐྲུན་ཐད་ཀྱི་ཉམས་ཞིབ་པ་རིག་འཛིན་རྡོ་རྗེ་ལགས་སུ། རྒྱ་ནག་གིས་དབུལ་ཕུངས་ཁྱིམ་ཚང་ཞེས་པའི་ཚད་གཞི་དེ་ག་འདྲ་ཞིག་ལ་འཛིན་གྱི་ཡོད་པ་དང་། དབུལ་སྒྲོལ་འགག་གཏོར་ཟེར་བའི་ལས་འགུལ་དེའི་རྒྱབ་ལྗོངས་ག་འདྲ་ཡིན་མིན་དྲིས་པར་ཁོང་གིས། སྤྱིར་རྒྱ་ནག་གཞུང་གིས་དབུལ་སྒྲོལ་ལས་གཞིའི་ཁྲོད་དབུལ་ཁྱིམ་ཟེར་བ་དེ་མི་རེའི་ཉིན་རེའི་ཡོང་འབབ་ལ་ཚད་འཛིན་བཞིན་ཡོད་ན་ཡང་། དབུལ་སྒྲོལ་འགག་གཏོར་ཟེར་བའི་ནང་རྒྱ་ནག་གཞུང་གི་ལས་བྱེད་ཚོ་ཡང་ཚུད་ཀྱི་ཡོད་པ་དང་། གཙོ་བོ་དབུལ་སྒྲོལ་ཟེར་བའི་ནང་བཅུག་སྟེ་རོགས་སྐྱོར་བྱས་པ་ཡིན་ན་གཞུང་དང་ཏང་ལ་བློ་སེམས་ཉེ་བོ་དང་དགའ་ཞེན་ཡོད་པ་ཆགས་ཐབས་ཀྱི་ཆབ་སྲིད་ལས་འགུལ་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་བྱུང་།

ཉིན་ཤས་སྔོན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་ལྷན་ཚོགས་དང་མི་མང་འཐུས་ཚོགས་ཀྱི་ཚོགས་འདུ་གཉིས་ཀྱི་སྟེང་། རང་སྐྱོང་ལྗོངས་འཐུས་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་བློ་བཟང་རྒྱལ་མཚན་ཟེར་བས་འདི་ལོར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༧༠ འཁོར་ཡོད་པ་དང་བོད་ལ་བཅོས་བསྒྱུར་བྱས་ཏེ་ལོ་ ༦༠ འཁོར་བའི་ལོ་ཡིན་པ་དང་། ལྷག་པར་དུ་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་དབུལ་པོ་དབུལ་ནག་མེད་པ་བཟོ་རྒྱུའི་ཐག་གཅོད་རང་བཞིན་གྱི་ལས་དོན་གྱི་གལ་ཆེའི་ལོ་བཅས་ཡིན་པས། ཞི་ཅིན་ཕིན་དང་ཏང་གིས་གནང་བའི་ཐུགས་འཁུར་འོག་ཐོག་མའི་བསམ་འདུན་མི་བརྗེད་པར་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་། དབུལ་སྒྲོལ་ལ་མཐའ་གཅིག་ཏུ་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

གཞན་ཡང་། བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་གྲོང་གསེབ་ཁག་གྲོང་ཁྱེར་ཅན་དུ་བསྒྱུར་བ་ཞེས་པའི་ལས་གཞི་སྤེལ་ཏེ། སྲིད་གཞུང་གིས་གྲོང་ཁྱེར་ནང་ཁང་པ་མང་པོ་བརྒྱབས་ནས་དུད་ཁྱིམ་རེ་རེ་ནས་རྒྱ་སྒོར་ ༧༠༠༠ ནས་ ༨༠༠༠ བར་བླངས་ནས་ཁང་པ་གསར་པའི་ནང་སྤོར་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་མདོ་སྟོད་སྨད་ཕྱོགས་སུ་དབུལ་སྐྱོབ་ཅེས་པའི་ལས་གཞིའི་འོག་རོགས་རམ་ཐོབ་ཀྱི་ཡོད་པའི་ཁྱིམ་ཚང་སོགས་ལ་ཞི་ཅིན་ཕིན་སོགས་མཐོ་རིམ་མགོ་འཁྲིད་ཚོའི་པར་རིན་མེད་ཀྱིས་སྤྲད་དེ་སྒྲིག་བཤམ་བྱེད་དུ་བཅུག་གི་ཡོད་པ་མ་ཟད། མཚམས་མཚམས་ལ་ས་གནས་ལས་བྱེད་པ་ཚོ་ཁྱིམ་ཚང་རེ་རེའི་ནང་ལྟ་སྐོར་དུ་ཡོང་ནས་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམ་བྱས་ན་རོགས་དངུལ་གཅོད་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་རེད།

རྒྱ་ནག་ཉམས་ཞིབ་པ་ཚོས་རྒྱ་ནག་གི་མགོ་འཁྲིད་རིམ་པས་དབུལ་ཕུངས་དང་འཐབ་འཛིང་བྱེད་པའི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་ན་ཡང་ལམ་ལྷོང་བྱུང་བ་གཅིག་ཀྱང་མེད་པ་དང་། ལྷག་པར་དུ་ལས་འགུལ་དེ་གྲངས་ཉུང་མི་རིགས་ཁག་གི་ནང་ཆབ་སྲིད་ཀྱི་ལག་ཆ་གལ་ཆེན་ཞིག་ཆགས་ཡོད་པ་དང་། བོད་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགུལ་ལ་མཉམ་ཞུགས་དགོས་སྐོར་བརྗོད་དེ། སྲིད་གཞུང་གིས་འབྲོག་པ་ཚོར་ཁང་པ་རེ་བརྒྱབ་ནས་སྒོ་ཕྱུག་མེད་པ་བཏང་བ་དང་། ཞིང་བ་ཚོའི་ཞིང་ཁར་ཤིང་སྣ་དང་ལོ་ཏོག་རིགས་འདེབས་འཛུགས་དང་། ཞིང་དང་རྫོང་རིམ་པ་མང་པོ་ཞིག་དབུལ་སྒྲོལ་ལས་ཐར་ཡོད་ལུགས་ཤུགས་ཆེན་བསྒྲགས་ནས་མི་མང་ལས་འགུལ་དེའི་ནང་ཞུགས་ཐབས་སྣ་ཚོགས་བྱས་ཏེ། ཞིང་འབྲོག་མང་ཚོགས་གྲོང་སྡེ་དང་གྲོང་ཁྱེར་ཅན་ལ་སྒྱུར་ཐབས་དང་འཛུགས་སྐྲུན་ཆེ་ཆུང་སྣ་ཚོགས་བྱས་ཏེ་མི་མང་གི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་བརྗོད་ནས་མང་སེམས་འགུག་ཐབས་ཁོ་ན་བྱས་ཏེ་ཕན་ཐོགས་མེད་སྐོར་བརྗོད་ཡོད་པ་རེད།

དེ་བཞིན་སྔར་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་གཞུང་འབྲེལ་དབུས་བརྙན་འཕྲིན་ཁང་གིས་དབུལ་སྒྲོལ་འགག་གཏོར་ལས་འགུལ་ལ་གྲུབ་འབྲས་ཐོན་གྱི་མེད་པའི་སྐོར་བསྒྲགས་པའི་ནང་། རྒྱ་ནག་གི་ས་ཆ་མང་པོར་དབུལ་སྐྱོར་འགག་སྒྲོལ་ནི་མགོ་འཁྲིད་ཚོས་རང་ཉིད་ཀྱི་ཁམས་མོས་ཙམ་ལས་མི་མང་གི་འདོད་བློ་ཁེངས་མིན་ལ་མི་ལྟ་བར། ཕྱི་ཚུལ་གྱི་རྣམ་པ་ཙམ་ལས་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་སེལ་མིན་ལ་བསམ་བློ་མ་བཏང་བར་བརྟེན་ལས་གཞི་དེར་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་དང་། དབུལ་སྒྲོལ་ལས་འགུལ་ལ་ཕམ་ཉེས་བྱུང་དགོས་པའི་ཐད་དོན་ཚན་ ༦ ཅན་གྱི་རྒྱུ་མཚན་ཡོད་སྐོར་བརྗོད་ནས་སླད་ཕྱིན་དབུལ་སྐྱོར་འགག་སྒྲོལ་ལས་དོན་ཁྲོད་བྱུང་བའི་ཕྱི་ཚུལ་རིང་ལུགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་རྒྱུ་དང་། དབུལ་སྐྱོར་ལས་དོན་དེ་ཁ་སྟོང་ཚིག་སྟོང་མིན་པར་བདེན་པ་བདེན་ཐུབ་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་སྐོར་གྱི་ཉམས་ཞིབ་ཡིག་ཆ་ཞིག་གི་ནང་རྒྱ་ནག་ནང་ལོ་རེར་ཉེས་ཁྲིམས་གྱོད་དོན་དང་བདེ་སྲུང་གྱོད་དོན། མི་མང་གི་ངོ་རྒོལ་ལས་འགུལ་སོགས་གྲངས་ཚད་མི་ཟིན་པ་ཞིག་བྱུང་གི་ཡོད་པ་དང་། རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཚོས་སྤྱི་ཚོགས་བདེ་འཇགས་མེད་པ་ནི་དབུལ་ཕྱུག་གི་བར་ཁྱད་ཀྱིས་སྐྲུན་བཞིན་པར་འདོད་པ་ལས་དབང་ཆ་གཅིག་སྡུད་ཀྱི་གནད་དོན་ལ་བསམ་བློ་གཏོང་ཐུབ་ཀྱི་མེད་སྐོར་དང་། ཕྱི་ལོ་ ༢༠༡༠ ལོའི་རྒྱ་ནག་གི་དཔལ་འབྱོར་ཉམས་ཞིབ་ལྟར་ན། རྒྱ་ནག་ཏུ་མ་དངུལ་དུང་ཕྱུར་བརྒལ་བའི་འབྱོར་ལྡན་པ་ ༢༩༣༢ ལྷག་ནི་དམར་ཤོག་མཐོ་རིམ་དཔོན་རིགས་ཀྱི་བུ་དང་བུ་མོ་ཚོ་ཡིན་པ་དང་། ཁོ་ཚོའི་རྒྱ་ནག་རྒྱལ་ཡོངས་ཀྱི་འབྱོར་ལྡན་པའི་བརྒྱ་ཆ་ ༩༡ ཟིན་ཡོད་པས་དེ་ནི་ཧ་ཅང་དོ་མི་མཉམ་པའི་དབང་ཆ་དང་དཔལ་འབྱོར་སྒེར་འཛིན་གྱི་གནས་སྟངས་ཤིག་ཆགས་ཡོད་པས། སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་འོག་རུལ་སུངས་ལ་རྒོལ་བའི་ལས་འགུལ་ལ་ལམ་ལྷོང་ཡོང་མི་སྲིད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༡/༡༨

Leave a Reply