འདས་ལོའི་ལོ་སྟོད་སྨད་བསྡུར་ན་འགྲུལ་བ་འགྲོ་འོང་བརྒྱ་ཆ་ ༧༩ མར་ཆག་སོང་ཟེར།

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་བརྒྱུད་ནས་རྒྱ་ནག་ནང་དྲག་སྤྱོད་པ་དང་ཉེས་ཅན་སིམ་འཛུལ་མི་ཡོང་བའི་ཆེད་དུ་ས་མཚམས་ཁག་ནས་དམ་དྲག་ཤུགས་སྣོན་བྱེད་ཀྱི་ཡོད་སྐོར་བརྗོད་འདུགཟླ་འདིའི་ཕྱི་ཚེས་ ༡༧ ཉིན། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ནང་འགྲོ་འོང་ལ་དམ་དྲག་ཆེན་པོ་བྱེད་དགོས་ནི་བོད་རང་སྐྱོང་ལྗོངས་བརྒྱུད་ནས་རྒྱ་ནག་ནང་དུ་དྲག་སྤྱོད་པ་དང་ཉེས་ཅན་པ་སིམ་འཛུལ་བྱེད་པར་སྔོན་འགོག་དང་།  ས་མཚམས་བརྒྱུད་ཕར་འགྲོ་ཚུར་འོང་དོ་དམ་ཚགས་ཚུད་དུ་གཏོང་ཆེད་ཡིན་སྐོར་བརྗོད་འདུག

གནད་དོན་དེའི་སྐོར་ལ་བོད་རང་སྐྱོང་ས་མཚམས་ཞིབ་བཤེར་ཁང་གི་འགན་འཛིན་ཡན་བྷིན་(Yuan Bin) ཟེར་བ་ཞིག་གིས། བོད་རང་སྐྱོང་ལྗོངས་ནང་ཚུར་ཡོང་མཁན་དང་ཕར་འགྲོ་མཁན་ལ་ལྟ་རྟོག་བྱེད་མཁན་གྱི་ས་མཚམས་ཞིབ་བཤེར་ཁང་ཞིག་ཡིན་པའི་ཆ་ནས། ཁྲིམས་འགལ་ངང་ཕར་འགྲོ་ཚུར་འོང་བྱེད་མཁན་ལ་བཀག་སྡོམ་བྱས་ཏེ་ཕྱི་མི་དང་ས་གནས་ཀྱི་ཡུལ་སྐོར་བར་ཞབས་ཞུ་སྟབས་ཇེ་བདེ་རུ་གཏོང་བའི་འགན་ཡོད་པ་རེད། ཅེས་བརྗོད་ཡོད་པ་མ་ཟད། འདས་ལོར་ཁྱོན་རླངས་འཁོར་འབུམ་གཅིག་དང་། མི་གྲངས་འབུམ་ ༥ ཙམ་ལ་ས་མཚམས་ནས་ཞིབ་བཤེར་ནན་པོ་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ནང་འཛུལ་མཁན་ ༡༠༠༠ ཙམ་ལ་ཡིག་ཆ་སོགས་ཀྱི་ཆ་རྐྱེན་མ་ཚང་བར་བརྟེན་བཀག་འགོག་བྱས་ཡོད་པ་དང་། ས་མཚམས་ཀྱི་གྲོང་མི་ ༧ ལ་ས་མཚམས་སྲུང་སྐྱོབ་བྱས་པར་གཟེངས་བསྟོད་ཆེད་ཁྱོན་རྒྱ་སྒོར་ ༨༤༠༠༠ ཡི་བྱ་དགའ་སྤྲད་ཡོད་སྐོར་བརྗོད་འདུག

 ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་བོད་ཀྱི་མདོ་སྟོད་སྨད་ཕྱོགས་ནས་ཡོང་བའི་གྲྭ་བཙུན་དང་གནས་མཇལ་བ་སོགས་ལ་ཞིབ་བཤེར་དམ་དྲག་ཤུགས་ཆེན་བྱས་ཡོད་པ་མ་ཟད། གྲྭ་བཙུན་སེར་སྐྱ་མང་པོ་ཞིག་བཙན་གྱིས་ཕྱིར་འཕུད་བཏང་ཡོད་པ་ལྟར།  གོ་ལའི་དུས་བབ་ཀྱི་གནས་ཚུལ་དེའི་ནང་། ཕྱི་ལོ་ ༢༠༡༨ ཟླ་ ༧ ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ས་མཚམས་ཞིབ་བཤེར་ས་ཚུགས་ཁག་ཏུ་བཀག་སྡོམ་ཤུགས་ཆེ་རུ་བཏང་བར་བརྟེན། ལོ་ཕྱེད་ཀའི་ནང་རང་སྐྱོང་ལྗོངས་ནང་ཁྲིམས་འགལ་ངང་ཕར་འགྲོ་ཚུར་འོང་བྱེད་མཁན་འདས་ལོའི་ལོ་མགོ་དང་བསྡུར་ན་བརྒྱ་ཆའི་ ༧༩ མར་ཆག་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་ཁག་ལ་མཐའ་སྲུང་དམག་མི་དང་ས་གནས་ཡུལ་མི་གསང་ཉུལ་བ་འབོར་ཆེན་འགྲེམས་འཇོག་བྱེད་བཞིན་ཡོད་པར་བརྟེན། ལོ་ཤས་ནས་བལ་ཡུལ་བརྒྱུད་བོད་མི་བཙན་བྱོལ་དུ་ཡོང་མཁན་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་བོད་ནས་གསར་འབྱོར་བ་སེར་སྐྱ་ཕོ་མོ་ ༨༠ ཙམ་མ་གཏོགས་བྱུང་མེད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བའི་ཚོགས་འདུ་མགོ་འཛུགས་སྟེང་། བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཆེ་དགྲ་ལྷ་ཡིས། ཕྱི་ལོ་ ༢༠༡༨ ལོར་བོད་རང་སྐྱོང་ལྗོངས་ནང་རྒྱུན་འཁྱོངས་དོན་འཁྱོལ་ཡོང་སྐོར་གྱི་དོན་ཚན་བདུན་སྒྲོགས་སྦྱང་བྱས་ཡོད་པ་དང་བསྟུན། འདས་ལོར་བོད་རང་སྐྱོང་ལྗོངས་ནང་ཡུལ་སྐོར་བ་བརྒྱ་ཆ་ ༣༡ ཙམ་ཡར་འཕར་ཏེ་མི་གྲངས་ས་ཡ་ ༣༣།༦༨ ཙམ་ཟིན་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཕྱི་མི་ཡུལ་སྐོར་བ་བརྒྱ་ཆ་ ༥༠ ཡར་འཕར་བའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད།  ཉེ་སྔོན་ནས་བཟུང་བོད་རང་སྐྱོང་ལྗོངས་ནང་ཡུལ་སྐོར་མཐོང་མཆན་ཐོབ་པར་ཉིན་ ༡༥ ལས་སྒུག་མི་དགོས་པར་ལས་སླ་རུ་བཏང་ཡོད་ཚུལ་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༡/༡༨

Leave a Reply