ཧྭ་ཝེ་ཡི་རོགས་དངུལ་ལེན་མཚམས་བཞག

དབྱིན་ཡུལ་གྱི་ཨོ་ཁུ་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱིས་འདི་ལོའི་ཕྱི་ཟླ་དང་པོའི་ནང་ནས་བཟུང་རྒྱ་ནག་ཧྭ་ཝེ་འཕྲུལ་རིག་ཚན་རྩལ་བཟོ་ཚོང་གི་རོགས་དངུལ་མི་ལེན་རྒྱུ་ཐག་བཅད་འདུག
ཁ་སང་དབྱིན་ཡུལ་གྱི་གཙུག་ལག་སློབ་ཆེན་གྲགས་ཅན་ཨོ་ཁུ་སི་ཧྥོར་ཌི་(Oxford University)ཡིས་རྒྱ་ནག་གི་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་ཧྭ་ཝེ་ནས་ལས་གཞིའི་རོགས་སྐྱོར་གསར་པ་ལེན་རྒྱུ་མིན་སྐོར་བརྗོད་ཡོད་པ་དང་། ཁ་སང་དགོང་མོར་ཧྭ་ཝེ་ཡི་མགྲིན་ཚབ་པས་གཙུག་ལག་སློབ་ཆེན་དེས་ཐག་གཅོད་དེ་འདྲ་བྱུང་བའི་བརྡ་ལན་འབྱོར་མེད་ཀྱང་གསལ་བཤད་ཆ་ཚང་བ་ཞིག་ཡོང་བར་སྒུག་ཡོད་སྐོར་བརྗོད་འདུག་ལ། ཧྭ་ཝེ་ཡི་སྦྱིན་བདག་རིན་ཀྲིན་ཧྥེ་(任正非)ཡིས་གསར་འགོད་པར་ཁོའི་ཚོང་གཉེར་ཁང་དེ་སྒེར་གཉེར་ཁེ་ལས་ཁང་ཞིག་ཡིན་པ་ལས་རྒྱ་ནག་གཞུང་དང་འབྲེལ་བ་མེད་སྐོར་བརྗོད་ཡོད་པ་རེད།

ཨོ་ཁུ་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱིས་ཉེ་ལམ་ནས་གཙུག་ལག་སློབ་ཆེན་དེ་དང་ཧྭ་ཝེ་བར་གྱི་མཉམ་འབྲེལ་ཐད་སེམས་འཚབ་ཡོང་གི་ཡོད་པའི་གནས་སྟངས་འོག་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༨ ཉིན་ནས་ཚོང་གཉེར་ཁང་དེ་ནས་ལས་གཞིའི་རོགས་སྐྱོར་གསར་པ་མི་ལེན་རྒྱུ་ཐག་གཅོད་བྱས་ཟིན་ཡང་། ཆོག་མཆན་ཐོབ་སྟེ་འགྲོ་བཞིན་པའི་ཁྱོན་དབྱིན་སྒོར་འབུམ་ ༦ ལྷག་(༦༩༢༠༠༠)གི་ལས་གཞི་ཆེ་ཤོས་དེ་གཉིས་མུ་མཐུད་འགྲོ་རྒྱུ་དང་། དེ་བཞིན་ཧྭ་ཝེ་ཡི་རོགས་སྐྱོར་འོག་གཙུག་ལག་སློབ་ཆེན་དེའི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་སྒེར་གྱི་གནས་ཚུལ་ལ་འབྲེལ་བ་མེད་ཀྱང་། སློབ་ཆེན་དང་འབྲེལ་བའི་གལ་གནད་ཆེ་བའི་གནས་ཚུལ་རིགས་མཁོ་སྤྲོད་བྱེད་མི་ཆོག་སྐོར་བརྗོད་འདུག

ཧྭ་ཝེ་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་གིས་དབྱིན་ཡུལ་གྱི་ཁམ་བྷི་རེ་ཇི་( Cambridge) དང་། ཁར་ཌི་ཧྥི་(Cardiff)། ཨེ་ཌིན་བྷར་(Edinburgh)། ལུན་ཊོན་གྱི་ཨེམ་ཕི་རལ་སློབ་ཆེན་(Imperial College London)། མན་ཆི་སི་ཊིར(Manchester) ཡོག་(York)བཅས་གཙུག་ལག་སློབ་ཆེན་ཁག་ཅིག་ནང་ལས་གཞི་འདྲ་མིན་འོག་རོགས་དངུལ་ཁྱོན་ཨ་སྒོར་ཁྲི་ ༧༥༠ ལྷག་གི་རོགས་དངུལ་བཏང་ཡོད་པ་དང་། ཡུལ་དེའི་ནང་ཧྭ་ཝེ་ལ་ལས་མི་ ༡༥༠༠ ལྷག་ཡོད་འདུག
ཨ་རི་དང་ཡུ་རོབ་སོགས་འཛམ་གླིང་རྒྱལ་ཁབ་ ༡༧༠ ལྷག་ཚོང་ལས་གཉེར་བཞིན་ཡོད་པ་དང་། ཉེ་ལམ་ནས་ཨ་རི་དང་ཡུ་རོབ་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་རྒྱ་ནག་ཧྭ་ཝེ་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་དང་ལག་འབྲེལ་གྱིས་རོགས་སྐྱོར་དང་ཚོང་འབྲེལ་སོགས་ཀྱི་ལས་གཞིའི་འོག རྒྱལ་ཁབ་སོ་སོའི་བདེ་འཇགས་ལ་གནོད་སྐྱོན་གཏོང་གི་ཡོད་པའི་སྐྱོན་འཛུགས་དང་དོགས་ཟོན་རིགས་རིམ་པར་ཐོན་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན་ཨ་རི་གཞུང་གི་དགོས་འདུན་འོག་ཁ་ན་ཌ་གཞུང་གིས་ཧྭ་ཝེ་ཡི་སྦྱིན་བདག་གི་བུ་མོ་ཚོང་གཉེར་ཁང་དེའི་ནོར་དོན་སྤྱི་གཉེར་བ་མོང་ཝན་ཀྲུའུ་འཛིན་བཟུང་བྱས་ཏེ་ཉིན་གྲངས་ ༡༡ ཙམ་འགོར་རྗེས་ཀློད་གྲོལ་བཏང་ནས་ལྟ་རྟོག་འོག་བཞག་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་ཁྲིམས་བཤེར་བྱ་འཆར་ཡོད་པ་རེད།

མོང་ཝན་ཀྲུའུ་འཛིན་བཟུང་བྱས་མ་ཐག་རྒྱ་ནག་གཞུང་གིས་ཁ་ན་ཌའི་མི་སེར་གནད་ཡོད་ ༣ འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་ཌ་ལིན་ཁྲིམས་ཁང་གིས་ཁ་ན་ཌའི་མི་སེར་ (Robert Lloyd Schellenberg)ཟེར་བ་ཞིག་གིས་དུག་རྫས་ནག་ཚོང་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་གཅོད་རྒྱུ་ཡོངས་བསྒྲགས་བྱས་ཡོད་པ་དང་། མི་དེའི་ཁྲིམས་རྩོད་པས་ཁྲིམས་ཁང་གིས་ནམ་རྒྱུན་དང་མི་འདྲ་བར་ཆུ་ཚོད་གཅིག་ཙམ་ནང་ཁྲིམས་ཐག་བཅད་དེ་དྲང་པོ་བྱུང་མེད་པས་བསྐྱར་དུ་ཁྲིམས་གཏུག་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།འདི་ལོའི་ཕྱི་ཟླ་ ༡ ཚེས་ ༧ ཉིན་ཁ་ན་ཌ་གཞུང་གིས་འདས་པའི་ཟླ་གཅིག་ནང་རྒྱ་ནག་གཞུང་གིས་ཁ་ན་ཌའི་མི་སེར་ ༡༣ འཛིན་བཟུང་བྱས་ཏེ་ ༨ ཀློད་ཡོད་སྐོར་བརྗོད་ཡོད་པ་རེད། ཡང་ཁ་ན་ཌའི་ཕྱི་འབྲེལ་མགྲིན་ཚབ་པ་རོ་བྷིར་ཊི་ཝལ་ཀིར་(Robert Walker)གྱིས། ད་ལྟའི་ཆར་ཁྲིམས་འགལ་བྱས་པའི་དོགས་གཞིའི་འོག་ཁ་ན་ཌའི་མི་སེར་ ༢༠༠ ཙམ་རྒྱ་ནག་གཞུང་གི་འཛིན་བཟུང་བཀག་ཉར་འོག་ཡོད་སྐོར་བརྗོད་ཡོད་པ་རེད།

གཞན་ཡང་ད་ལྟའི་ཆར་རྒྱ་ནག་གཞུང་ནས་རིག་གནས་བརྗེ་རེས་ཀྱི་མིང་ཐོག་ནས་འཛམ་གླིང་རྒྱལ་ཁབ་ ༡༤༢ ནང་ཁྱོན་ཁུང་ཙི་སློབ་གླིང་ཟེར་བ་ ༥༢༥ ཆེད་འཛུགས་བྱས་ཏེ། རྒྱ་ཡིག་རྒྱ་སྐད་ཀྱི་གཙོས་རྒྱ་ནག་གི་རིག་གནས་སློབ་གསོ་སྤེལ་བཞིན་ཡོད་པ་དང་། ཉེ་བའི་ལོ་ཤས་ནས་བཟུང་ཁུང་ཙི་སློབ་གླིང་ཟེར་བ་དེ་ཚོས་དམར་པོའི་ལྟ་བ་ཁྱབ་སྤེལ་བཏང་སྟེ་དམངས་གཙོ་དང་རང་དབང་གི་ཁོར་ཡུག་ལ་གནོད་སྐྱོན་གཏོང་གི་ཡོད་པ་མ་ཟད། ཞོར་དུ་གསང་ཉུལ་གྱི་བྱ་བ་སྒྲུབ་ཀྱི་ཡོད་པའི་གནས་ཚུལ་མང་པོ་ཐོན་པར་བརྟེན། གཙུག་ལག་སློབ་ཆེན་མང་པོ་ཞིག་ནས་ཞིབ་འཇུག་དང་འབྲེལ་ཁུང་ཙི་སློབ་གླིང་སྒོ་རྒྱག་གིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༡/༡༩

Leave a Reply