གྲྭ་ཆོས་ཀྱིས་ལགས་ཀློད་གྲོལ་བཏང་།

ཁ་སང་དགོང་མོར་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་བཞི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན་གྱི་དགེ་འདུན་པ་ཆོས་ཀྱིས་ལགས་ཀློད་གྲོལ་བཏང་ཡོད་འདུག
འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་བཙོན་འཇུག་དུས་ཡུན་ཚང་སྟེ་ཁོང་ཀློད་གྲོལ་གཏོང་གི་ཡོད་པས་ནང་མི་དང་ཉེ་འབྲེལ་ཚོ་ལེན་དུ་ཕྱིན་ཡོད་ཀྱང་། མི་ཉག་ར་རྔ་ཁ་བཙོན་ཁང་ནས་བཏང་རྗེས་གསེར་རྟ་རྫོང་ཉེན་རྟོག་ཁང་ནས་མ་བཏང་བར་མཚན་གོང་ཕྱི་བོ་ཞིག་བར་དུ་ལྷག་ཡོད་པ་འདྲ།  གང་ལྟར་ཀློད་གྲོལ་བཏང་འདུག་ཀྱང་ཁོང་གི་གཟུགས་པོའི་གནས་སྟངས་སོགས་གནས་ཚུལ་གཞན་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

དགེ་འདུན་པ་ཆོས་ཀྱིས་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་བའི་སྟོད་གོས་བཟོས་པ་དང། སྐད་འཕྲིན་ཐོག་ཆབ་སྲིད་དང་འབྲེལ་བའི་པར་རིས་བཞག་ཡོད་སྐོར་བསྙད་དེ། ལོ་དེའི་ ཕྱི་ཟླ་ ༦ ཚེས་ ༡༩ ཉིན་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་དེ་མི་ཉག་ར་རྔ་ཁ་བཙོན་ཁང་དུ་བཅུག ཁོང་འཛིན་བཟུང་བཙན་འཁྲིད་བྱེད་སྐབས་ཁོང་གི་ཕ་མ་གཅིག་པའི་ཨ་ཅེ་སྐྱིད་འཛོམས་དང་། མོའི་བུ་གྲགས་པ་གཉིས་ཀྱང་གློ་བུར་དུ་བཙན་ཁྲིད་ཀྱིས་ཉིན་ ༡༥ ཙམ་རིང་བཀག་ཉར་འདྲི་རྩད་བྱས་རྗེས་ཀློད་གྲོལ་བཏང་ཡོད་འདུག

དགེ་འདུན་པ་ཆོས་ཀྱིས་ལགས་བཙོན་ཁང་དུ་མ་བཅུག་སྔོན་ནས་ནད་གཞི་ཞིག་གིས་སྐུ་གཟུགས་སྐྱོ་བོ་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཁོང་དང་འབྲེལ་ཡོད་ཅིག་གིས་ཆོས་ཀྱིས་ལགས་ལ་བཙོན་ཁང་དུ་བཙོན་པ་གཞན་དང་མི་འདྲ་བར་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པ་དང་། གཟུགས་གཞིའི་གནས་སྟངས་ཞན་པའི་ཁར་བཙན་དབང་གིས་ལས་ཀ་མང་པོ་བྱེད་བཅུག་པར་བརྟེན། ཁོང་གི་ནད་གཞི་ཇེ་སྡུག་དང་གཟུགས་གཞི་ཇེ་ཞན་དུ་སོང་ཡོད་སྐོར་བརྗོད་ཡོད་པ་དང་། དང་ཐོག་མི་ཚོ་ཟླ་རེའི་མཚམས་སུ་ཁོང་ལ་ལྟ་རུ་ཕྱིན་ཏེ་ཟ་མ་སོགས་སྤྲོད་ཀྱི་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ནས་བཟུང་ནང་མི་ཚོར་ཐུག་འཕྲད་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

དགེ་འདུན་པ་ཆོས་ཀྱིས་ལགས་ནི་ད་ལོ་དགུང་ལོ་ ༤༣ ཡིན་ཞིང་།  ཁོང་གི་ཕ་མིང་ལ་ཞོ་སྐྱ་ཉོ་དང་མ་མིང་ལ་ཚེ་རིང་སྐྱིད་ཡིན་པ་དང་། ཁོང་ཆུང་དུས་ནས་སྙི་སྟོད་ཡུལ་འཚོ་ཕུ་གུ་དགོན་དུ་རབ་བྱུང་བསྒྲུབས་ཡོད་འདུག

གནས་ཚུལ་ཐོན་རིམ་གཉིས་པ། དགེ་འདུན་པ་ཆོས་ཀྱིས་ལགས་ཕྱི་ཚེས་ ༡༨ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ པ་ཙམ་གྱི་ཐོག་ཉེན་རྟོག་པས་འཁྲིད་དེ་རང་ཁྱིམ་དུ་འབྱོར་ཡོད་པ་དང་། ཁོང་རང་ཁྱིམ་དུ་འབྱོར་སྐབས་ཡུལ་མི་བརྒྱ་ལྷག་བསུ་མ་བྱེད་དུ་བསླེབས་ཡོད་འདུག ཁོང་དུ་རང་ཁྱིམ་དུ་མ་བསླེབ་གོང་རྒྱ་གཞུང་ཉེན་རྟོག་པས་ཁོང་གི་ཁྱིམ་མི་དངོས་མ་མ་གཏོགས་གཞན་སུ་གཅིག་ཀྱང་བསུ་མ་བྱེད་དུ་ཡོང་མི་ཆོག་པ་དང་། གལ་སྲིད་ཡོང་བ་ཡིན་ན་ཁོང་བཙོན་གྲོལ་གཏོང་རྒྱུ་མིན་པའམ་སླར་ཡང་བཙོན་འཇུག་བྱ་རྒྱུ་ཡིན་ལུགས་དང་། ཁོང་ཀློད་གྲོལ་བཏང་བའི་གནས་ཚུལ་ཁྱབ་བསྒྲགས་བྱེད་མི་ཆོག གལ་སྲིད་བྱས་པ་ཡིན་ན་བཙོན་འཇུག་ཉེས་ཆད་གཅོད་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༡/༡༩

Leave a Reply