མངའ་རིས་སུ་དམག་གི་ས་འོག་མཛོད་ཁང་ཆེན་པོ་ཞིག་རྒྱག་བཞིན་འདུག

རྒྱ་ནག་གཞུང་གིས་རྒྱ་གར་དང་རྒྱང་ཐག་སྤྱི་ལེ་ ༥༠ ཙམ་གྱི་མཚམས་སུ་ཡོད་པའི་བོད་མངའ་རིས་སྒར་རྫོང་གི་ས་ཁུག་ཅིག་ཏུ་དམག་གི་ས་འོག་མཛོད་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༡༧ ཉིན་པི་རིན་ཊི་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་མངའ་རིས་ས་ཁུལ་སྒར་རྫོང་གི་ས་ཁུག་ཅིག་ཏུ། དམག་གི་ས་འོག་མཛོད་ཁང་ཆེན་པོ་ཞིག་འཛུགས་བསྐྲུན་བྱེད་བཞིན་ཡོད་པ་འཁོར་སྐར་ལྟ་ཞིབ་བརྒྱུད་ཤེས་རྟོགས་བྱུང་ཡོད་པ་དང་། ས་འོག་མཛོད་ཁང་དེ་རྒྱ་གར་གྱི་ལ་དྭགས་སྡེ་མཆོག་ཁུལ་དུ་ཡོད་པའི་རྒྱལ་མཚམས་དམག་སྒར་དང་རྒྱང་ཐག་སྤྱི་ལེ་ ༦༠ ཙམ་གྱི་ས་ན་ཡོད་འདུག

ཡང་གསར་ཁང་དེས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ས་འོག་མཛོད་ཁང་དེ་ཕྱི་ལོ་ ༢༠༡༦ ལོ་ནས་འཛུགས་བསྐྲུན་བྱེད་མགོ་བརྩམས་ཏེ་ད་ལྟའང་ཚར་མེད་པར་བལྟས་ན། རྒྱ་ནག་གཞུང་གིས་མཛོད་ཁང་དེ་གསང་རྒྱ་དང་སྲུང་སྐྱོབ་བྱེད་ཆེད་ཨར་ལས་བཟོ་བསྐྲུན་བྱེད་པར་དམིགས་བསལ་གཞུང་འབྲེལ་ལས་མི་ཉུང་ཤས་ཤིག་མ་གཏོགས་བསྡུས་མེད་པའི་ཚོད་དཔག་བྱས་ཡོད་པ་དང་། ད་དུང་འཁོར་སྐར་གྱིས་བླངས་པའི་པར་རིས་ནང་མཛོད་ཁང་དེར་ཁྱོན་ས་འོག་འཛུལ་སྒོ་ཆེ་བ་ ༤ དང་ཆུང་བ་ ༣ ཡོད་འདུག མཛོད་ཁང་དེ་ཚན་པ་གཉིས་ལ་བགོས་ཏེ་ཕན་ཚུན་བར་བཅའ་དངོས་དབོར་འདྲེན་གྱི་འཁོར་ལམ་འཐུས་ཚང་ཞིག་ཀྱང་ཡོད་པ་མ་ཟད། མཛོད་ཁང་གི་ཟུར་ངོས་སུ་སྤུངས་པའི་ས་ལ་བལྟས་ན་ཕལ་ཆེར་མཛོད་ཁང་དེའི་གཤོང་ཚད་སྨི་འབུམ་ ༣།༥ ལྷག་ཡོད་པའི་ཚོད་དཔག་བྱས་འདུག་ལ། ས་འོག་མཛོད་ཁང་གི་ཕྱི་རུ་ལས་མིའི་སྡོད་ཤག་དང་ཨར་ལས་འཛུགས་སྐྲུན་གྱི་འཕྲུལ་ཆས་དང་རླངས་འཁོར་སོགས་མང་པོ་བཞག་ཡོད་འདུག

རྒྱ་ནག་གཞུང་གིས་ཐེངས་འདིའི་ས་འོག་མཛོད་ཁང་དེའི་ནང་ག་རེ་འཇོག་རྒྱུ་ཡིན་མིན་གསལ་ཁ་མེད་ཀྱང་། ཕལ་ཆེར་དམག་གི་གོ་མཚོན་དང་། ཐ་ན་རྡུལ་ཕྲན་མཚོན་ཆ་སྦས་སྐུང་བྱེད་ས་ཡིན་པའི་ཚོད་དཔག་བྱས་འདུག་ལ། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་རྒྱ་གར་གྱི་བྱང་ཕྱོགས་ཁུལ་དང་ས་འབྲེལ་དུ་འཁེལ་བའི་བོད་མངའ་རིས་ཁུལ་དུ་དམག་མི་འགྲེམ་འཇོག་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༠ ལོར་མངའ་རིས་སྒར་རྫོང་གི་དགུན་ས་གྲོང་ཚོའི་ཉེ་འཁྲིས་སུ་མངའ་རིས་དགུན་ས་གནམ་ཐང་གསར་དུ་སྒོ་ཕྱེས་ཡོད་པ་དང་། གནམ་ཐང་དེ་མང་སྤྱོད་གནམ་ཐང་ཞིག་ཡིན་ལུགས་བསྒྲགས་ཡོད་ཀྱང་དམག་མི་དང་དམག་ཆས་དབོར་འདྲེན་ཆེད་བེད་སྤྱོད་ཤུགས་ཆེན་པོ་གཏོང་གི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་ནག་གི་མི་དམངས་བཅིངས་གྲོལ་དམག་གིས་བོད་ལྷོ་ནུབ་ཁུལ་གྱི་དམག་དཔུང་གིས་ས་མཐོར་འཐབ་འཛིང་བྱེད་པར་སྟབས་བདེ་ཡོང་ཆེད་དང་། ནུབ་བརྒྱུད་ཀྱི་ཁ་བྲལ་བ་དང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དྲག་སྤྱོད་པ་ཟེར་བ་ཕམ་པར་གཏོང་ཆེད་དམག་ཤུགས་མཐོར་འདེགས་གཏོང་གི་ཡོད་ཚུལ་བརྗོད་ཡོད་པ་མ་ཟད། འཁོར་ཐོག་ཧོ་ཝི་ཛར་(Hotwizer)ཞེས་པའི་མེ་སྒྱོགས་རིགས་གསར་པ་ཞིག་འགྲེམ་འཇོག་བྱས་ཡོད་པའི་གསལ་བསྒྲགས་བྱས། ཧོ་ཝི་ཛར་མེ་སྒྱོགས་དེ་མེ་སྒྱོགས་གཞན་དང་བསྡུར་ན་མྱུར་པོ་མེད་ཀྱང་བོད་ལྟ་བུའི་མཐོ་སྒང་དུ་་ནུས་པ་ཆེན་པོ་ཐོན་གྱི་ཡོད་ཚུལ་བརྗོད་ཡོད།

འདས་ལོའི་ཕྱི་ཟླ་ ༨ པའི་རྒྱ་ནག་དཔལ་འབྱོར་དུས་བབ་དང་རྒྱ་ནག་ཤིན་ལང་(Sina)གིས། རྒྱ་ནག་བཅིངས་གྲོལ་དམག་གིས་རླངས་འཁོར་བརྒྱ་ལྷག་ནང་མི་མེད་གནམ་གྲུ་དང་། མེ་ཤུགས་འཕུར་མདེལ། མེ་སྒྱོགས་རིགས་མི་འདྲ་བ་ ༡༢༢ ལྷག་མཐོ་བོད་མཐོ་སྒང་དུ་དབོར་འདྲེན་བྱས་ཏེ། བོད་མཐོ་སྒང་དུ་དྲག་ཆས་དང་མི་མེད་འཐབ་འཛིང་གནམ་གྲུའི་ (Digital Combat Unit)  བཀོལ་སྤྱོད་སྦྱོང་བརྡར་བྱེད་ཀྱི་ཡོད་ལུགས་བསྒྲགས་པ་སོགས་བོད་དང་རྒྱ་གར་ས་མཚམས་ཁུལ་དུ་དམག་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་རེད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཕྱི་ལོ་ ༢༠༡༧ ལོར་གཞིས་རྒྱ་ཆེ་བའི་དམག་སྦྱོང་ཐེངས་ ༡༠༠ ལྷག་མ་གཏོགས་བྱས་མེད་ཀྱང་། ཕྱི་ལོ་ ༢༠༡༨ ལོར་དམག་མི་ས་ཡ་ ༢ ཙམ་གྱིས་དམག་སྦྱོང་ཆེ་ཆུང་ ༡༨,༠༠༠ ལྷག་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༤ ཉིན་པེ་ཅིན་དུ་རྒྱ་ནག་གི་ཆེས་མཐོའི་དམག་དོན་ཚོགས་འདུ་ཞིག་འཚོགས་པའི་སྟེང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་དམག་སྡེ་ཡོངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་གོང་འཕེལ་ཆེད་དམག་བྱུས་དང་དམག་འཐབ་ལ་གྲ་སྒྲིག་དགོས་ཞེས་བཀའ་བསྒྲགས་པ་དང་བསྟུན། རྒྱ་གར་དང་ཨ་རིའི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་གི་དམག་དོན་སྲིད་བྱུས་དང་གནས་བབ་སོགས་ཀྱི་ཐོག་དོ་སྣང་དང་གླེང་སློང་ཆེན་པོ་ཡོང་གི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༡༩

Leave a Reply

2 thoughts on “མངའ་རིས་སུ་དམག་གི་ས་འོག་མཛོད་ཁང་ཆེན་པོ་ཞིག་རྒྱག་བཞིན་འདུག

  1. རྒྱ་ནག་གིས་དམག་ཇུས་གྲ་སྒྲིག་ཆེན་པོ་བྱས་ཏེ་མ་འོངས་པར་རྒྱ་གར་ཟེར་པའི་ཀླ་ཀློའི་རྒྱལ་ཁབ་འདི་ཐལ་རྡུལ་གྱིས་གཏོར་བརླག་གཏོང་པ་དང་། དེ་དུས་བཙན་བྱོལ་བོད་གཞུང་ཟེར་བའི་ཚོགས་རུལ་དེ་ཚོ་ཡང་དེ་མཉམ་དུ་ཐལ་རྡུལ་བར་གྱི་གཅིག་རེད་མོད། བཟང་གི།