དགེ་འདུན་པ་ཞིག་ལ་ཧིན་སྒོར་འབུམ་ ༡༡ ཙམ་གྱི་དངུལ་དངོས་འཕྲོག་བཅོམ་བྱས།

རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེའི་དགེ་འདུན་པ་ཞིག་གི་གྲྭ་ཤག་ཏུ་ཇག་པ་འཛུལ་ཏེ་ཧིན་སྒོར་དངུལ་སྨར་འབུམ་ ༧ དང་། ཁ་པར་དང་གསེར་གྱི་མཛུབ་དཀྲིས་སོགས་ཁྱོན་ཧིན་སྒོར་འབུམ་ ༤ ཙམ་གྱི་བཅའ་དངོས་འཕྲོག་བཅོམ་བྱས་འདུགཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་མཚན་གུང་ཙམ་ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་ ༢ པའི་ནང་གནས་སྡོད་བྱས་ཡོད་པའི་དགེ་འདུན་པ་བྱང་ཆུབ་རིན་ཆེན་ཞེས་པ་ཞིག་གི་གྲྭ་ཤག་ནང་རྒྱ་གར་ཇག་པ་འགའ་འཛུལ་ཏེ། དགེ་འདུན་པ་ཁོང་དང་སྤུན་མཆེད་བུ་མོའི་རྐང་ལག་རྣམས་ཐག་པས་བདམས་རྗེས། དངུལ་ཁུར་མ་ཡོང་ན་གསོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ནས་དངུལ་སྨར་ཧིན་སྒོར་འབུམ་ ༧ དང་། ཀུ་ཤུ་རྟགས་ཅན་གྱི་ཁ་པར་གཉིས་དང་ཨོ་པོ་ཁ་པར་གཅིག བུ་མོ་དེའི་གསེར་གྱི་མཛུབ་དཀྲིས་སོགས་ཁྱོན་ཧིན་སྒོར་འབུམ་ ༤ ཙམ་གྱི་བཅའ་དངོས་བཅས་འཕྲོག་བཅོམ་བྱས་ཏེ་འཁུར་ཡོད་འདུག

འཕྲོག་བཅོམ་བྱས་རྗེས་དགེ་འདུན་པས་མོན་གྷོ་ས་གནས་གཞིས་མགོ་ལ་འབྲེལ་བ་བྱས་ཏེ། མཚན་གུང་ཆུ་ཚོད་༡༢།༣༠ ཙམ་ལ་རྒྱ་གར་ས་གནས་ཉེན་རྟོག་པ་དང་རྫོང་གི་སྤྱི་ཁྱབ་ཉེན་རྟོག་པ་གཞོན་པ་བཅས་ཡུལ་དངོས་སུ་བསླེབས་ནས་ཕྱི་ཉིན་ཐོ་རངས་བར་བྱུང་རྐྱེན་དེར་ཞིབ་འཇུག་དང་། ཇག་པ་སུ་ཡིན་རྩད་གཅོད་བཏང་ཡོད་ཀྱང་། ད་ལྟའི་ཆར་སུ་ཡིན་མིན་སོགས་ཤེས་རྟོགས་བྱུང་ཐུབ་མེད་སྟབས། ཀར་བར་(Karwar)རྫོང་ཉེན་རྟོག་ལས་ཁུངས་ནས་མུ་མཐུད་རྩད་གཅོད་གཏོང་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་མགོ་འཛིན་ལྷག་པ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། དེང་སྐབས་གཞིས་གྲོང་ ༢ པའི་ནང་ཤར་རྩེ་གྲྭ་ཚང་གི་ཨར་ལས་འཛུགས་བསྐྲུན་གྱི་ལས་གཞི་ཞིག་འགྲོ་བཞིན་ཡོད་སྟབས། དགེ་འདུན་པ་བྱང་ཆུབ་རིན་ཆེན་ལགས་ཨར་ལས་ཆེད་ཉེ་འགྲམ་དུ་ཡོད་པའི་གྲྭ་ཤག་ཅིག་ནང་སྡོད་ཀྱི་ཡོད་པ་དང་། ཕྱི་ཚེས་ ༡༩ ཉིན་གྱི་མཚན་གུང་ཆུ་ཚོད་ ༡༡།༣༠ ཙམ་ལ་རྒྱ་གར་བ་ ༤ ཡིས་ལྕགས་ར་གཏུབས་ཏེ། དགེ་འདུན་པ་བྱང་ཆུབ་རིན་ཆེན་ལགས་ཀྱི་གྲྭ་ཤག་ནང་འཛུལ་ནས་ཁོང་དང་ཁོང་གི་སྤུན་མཆེད་བུ་མོ་དེའི་རྐང་ལག་རྣམས་ཐག་པས་བདམས་ཏེ། སྐེ་ལ་གྲི་བཞག་ནས་དངུལ་མ་སྤྲད་ན་གསོད་རྒྱུ་ཡིན་པའི་སྡིགས་ར་བསྐུལ་བར་བརྟེན། ཤག་ཏུ་ཡོད་པའི་དགོན་པའི་ཨར་ལས་ཀྱི་དངུལ་དང་སྒེར་གྱི་དངུལ། དེ་བཞིན་མིས་བཅོལ་བའི་དངུལ་ཡོད་ཚད་བཅོམ་ནས་བྲོས་ཕྱིན་འདུག ཅེས་བརྗོད་བྱུང་།

ད་ལྟའི་ཆར་ཇག་པ་སུ་ཡིན་མིན་རྩད་ཆོད་ཡོད་མེད་དྲིས་པར་ཁོང་གིས། འཕྲོག་བཅོམ་བྱེད་སྐབས་རྒྱ་གར་བ་ཚང་མས་ཞྭ་མོ་གྱོན་ཡོད་པས་ངོ་རྟགས་ཆོད་མེད་པ་དང་། སྤྱིར་གྲྭ་ཤག་ནང་གསང་བའི་བརྙན་ཆས་བཙུགས་ཡོད་ཀྱང་། རྒྱ་གར་བ་གཅིག་གིས་པར་ཆས་དེ་མཐོང་ནས་དེ་མ་ཐག་དགེ་འདུན་པར་བརྙན་ཆས་ཀྱི་མ་ལག་རྣམས་གང་དུ་ཡོད་མེད་དྲིས་ཏེ། མ་ལག་རྣམས་བཅག་སྟེ་བརྙན་རིས་གསོག་སྡེར་(Hard disk) ཁྱེར་སོང་བར་བརྟེན། ད་ལྟ་ཁོ་ཚོ་སུ་ཡིན་མིན་ཤེས་རྟོགས་ཐུབ་ཀྱི་མི་འདུག ཡིན་ན་ཡང་། ད་ལྟ་ས་གནས་གཞིས་མགོ་དང་ཀར་བར་རྫོང་གི་ཉེན་རྟོག་ལས་ཁུངས་ནས་ཇག་པ་དེ་དག་གང་མགྱོགས་རྩད་ཆོད་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༢༡

Leave a Reply to གྲྭ་པ་ངོ་མ། Cancel Reply

7 thoughts on “དགེ་འདུན་པ་ཞིག་ལ་ཧིན་སྒོར་འབུམ་ ༡༡ ཙམ་གྱི་དངུལ་དངོས་འཕྲོག་བཅོམ་བྱས།

    1. གསེར་གྱི་མཛུབ་དཀྲིས་དེ་ཁོའི་སྤུན་མཆེད་བུ་མོའི་ཡིན་པ་གསར་འགྱུར་ཡག་པོ་ཀློག་མེད་པས།

  1. བསོད་ནམས་རྡོ་རྗེ།

    དགེ་འདུན་པ་ཞིག་ལ་ཧིན་སྒོར་འབུམ་ ༡༡ ཙམ་གྱི་དངུལ་དངོས་འཕྲོག་བཅོམ་བྱས་ཞེས་པའི་ལ་སྒྲ་དེ་ནོར་བ་རེད། འགྲིག་པ་ཞིག་དང་གོ་ནོར་མི་ཐེབ་པ་ཞིག་འབྲི་དགོས་ན་་་དགེ་འདུན་པ་ཞིག་གི་ཞེས་འགྲེལ་སྒྲའི་ཕྲད་སྦྱར་དགོས་པས་དེ་རིགས་ལ་གཟབ་གལ་ཆེ།