དྲག་པོའི་འཇིགས་སྐུལ་ལ་རྒོལ་ལན་སྤྲད།  

རྒྱ་ནག་གཞུང་གིས་འཐབ་འཛིང་གནམ་གྲུ་འགའ་ཐའེ་ཝན་ཉེ་ཁུལ་དུ་བཏང་སྟེ་འཇིགས་སྐུལ་བྱས་ཡོད་པས་ཐའེ་ཝན་གཞུང་གིས་རྒོལ་ལན་སྤྲད་དེ་མི་མང་འཇིགས་སྐྲག་སྐྱེས་མི་དགོས་སྐོར་བརྗོད་འདུགཁ་སང་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་ཁུལ་དུ་འཐབ་འཛིང་གནམ་གྲུ་(Sukhoi Su-30)ཞེས་པ་དང་། སྐྱེལ་འདྲེན་གནམ་གྲུ་ལྟ་བཤེར་དུ་བེད་སྤྱོད་གཏོང་ཆོག་པའི་(Shaanxi Y-8)ཞེས་པ་ཁག་ཅིག་བཏང་སྟེ། ཐའེ་ཝན་མཚོ་འགག་གི་ཉེ་སར་བཅར་ནས་དྲག་ཤུགས་ངོམས་ཡོད་པ་དང་། སྐབས་དེར་ཐའེ་ཝན་ཕྱོགས་ནས་ཀྱང་མཁའ་དམག་གནམ་གྲུ་དང་ལྟ་བཤེར་མཚོ་གྲུ་བཏང་སྟེ་མངའ་ཁོངས་བདག་སྲུང་དང་དྲག་པོར་རྒོལ་ལན་སྤྲད་ཡོད་འདུག

གནས་ཚུལ་དེའི་ཐད་ཐའེ་ཝན་བདེ་སྲུང་བློན་ཆེན་གྱིས་རྒྱ་ནག་མི་མང་བཅིངས་གྲོལ་དམག་གིས་ཐའེ་ཝན་ལ་དམག་གི་འཇིགས་སྐུལ་དང་མཁའ་དམག་གཏོང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཁ་སང་གི་མཁའ་དམག་གནམ་གྲུ་དེ་དག་རྒྱ་ནག་སྐམ་ས་ཆེན་མོའི་ལྷོ་ཕྱོགས་བརྒྱུད་ཐའེ་ཝན་དང་། ཧྥེ་ལི་པིན་གཉིས་ཀྱི་(Bashi Channel)མཚོ་འགག་ནས་འཕུར་ཏེ་ནུབ་ཞི་བདེ་རྒྱ་མཚོའི་ཕྱོགས་སུ་ཕྱིན་ཡོད་པ་དང་། ཐའེ་ཝན་ཕྱོགས་ནས་མཁའ་དམག་དང་ལྟ་བཤེར་མཚོ་གྲུ་སོགས་བཏང་སྟེ་མཚོ་འགག་སྲུང་སྐྱོབ་ལ་གྲ་སྒྲིག་ཡོད་པས། ཐའེ་ཝན་མི་མང་རྣམས་མཁའ་དམག་གི་འཇིགས་སྐུལ་དེ་དག་ལ་སྐྲག་སྣང་སྐྱེས་མི་དགོས་སྐོར་སོགས་བརྗོད་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། ད་ལོའི་ཕྱི་ཟླ་ ༡ ནང་ཞི་ཅིན་ཕིན་གྱིས་ཐའེ་ཝན་མཚོ་འགག་དང་འབྲེལ་བའི་གཏམ་བཤད་སྤེལ་བ་ནས་བཟུང་། ཐའེ་ཝན་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐའེ་ཝན་གྱི་དམངས་གཙོ་དང་མི་མང་གི་མངོན་འདོད་སྲུང་སྐྱོབ་ཆེད་རྒྱ་ནག་གི་བཙན་དབང་འཇིགས་སྐུལ་ལ་ཁ་གཏད་གཅོག་ཐབས་ཀྱི་འབོད་སྐུལ་དང་། ཐའེ་ཝན་ནམ་ཡང་རྒྱ་ནག་གི་ཆ་ཤས་ཤིག་མིན་སྐོར་བསྒྲགས་ཡོད་པར་བརྟེན། རྒྱ་ནག་གིས་དགོས་གལ་བྱུང་ཚེ་དྲག་པོའི་ཐབས་ལམ་ལ་བརྟེན་ནས་ཐའེ་ཝན་ཁོངས་ཏུ་བཅུག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོས་ཐའེ་ཝན་ལས་དོན་གྱི་སྐོར་གྱི་ཚོགས་འདུ་ཞེས་པ་ཞིག་ཚོགས་པ་ཡོད་པ་དང་། ཚོགས་འདུའི་སྟེང་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཝང་དབྱང་ཞེས་པ་དེས། ཐའེ་ཝན་སྤུན་ཟླར་ཞུ་འཕྲིན་བཏང་སྟེ་ལོ་འཁོར་བཞི་བཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་འདུའི་སྟེང་སྤེལ་བའི་ཞི་ཅིན་ཕིན་གྱི་སྐད་ཆའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་རྒྱུན་འཁྱོངས་དང་། རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་སྐོར་བརྗོད་ཡོད་འདུག

ཡང་ཁོས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་ལས། རྣམ་པ་མི་འདྲ་བའི་ཐའེ་ཝན་རང་བཙན་ལས་འགུལ་ལ་བཟོད་སྒོམ་གཏན་ནས་བྱེད་མི་རུང་། མཚོ་འགག་གཉིས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། མཚོ་འགག་གཉིས་ཀྱི་བརྗེ་རེས་མཉམ་ལས་རྒྱུན་མཐུད་ངང་རྒྱ་བསྐྱེད་དེ། ཐའེ་ཝན་སྤུན་ཟླར་ཕན་པ་ཡོད་པའི་སྲིད་ཇུས་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། མཚོ་འགག་གཉིས་ཀྱི་ན་གཞོན་བར་གྱི་བརྗེ་རེས་ལམ་བུ་མུ་མཐུད་དུ་རྒྱ་བསྐྱེད་དང་། ཐའེ་ཝན་གྱི་ན་གཞོན་སྐམ་སར་ཡོང་ནས་སློབ་སྦྱོང་དང་ལས་ཞུགས་སྔར་ལས་རྒྱ་བསྐྱེད་བཏང་སྟེ། ཐའེ་ཝན་ལས་དོན་ཐད་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་སྐོར་སོགས་བརྗོད་འདུག

ཐའེ་ཝན་གཞུང་ནས་རྒྱ་ནག་གི་དྲག་ཤུགས་ལ་མཐའ་གཅིག་ཏུ་ཡ་ལན་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད།  སྔར་ལོའི་ཕྱི་ཟླ་ ༡༡ ནང་ཐའེ་ཝན་གྱིས་མངའ་ཁོངས་སྲུང་སྐྱོབ་ཆེད་མཚོ་དམག་གྲུ་གཟིངས་ (PFG-1112 Ming Chuan) དང་ (PFG-1115 Feng Chia) རྟགས་ཅན་གཉིས་ཐའེ་ཝན་རྒྱ་མཚོའི་ནང་གསར་སྣོན་བྱས་ཡོད་པ་དང་། དམག་གྲུ་གཉིས་དེ་གསར་སྣོན་བྱེད་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཡང་དང་བསྐྱར་དུ་ཐའེ་ཝན་གླིང་ཕྲན་གྱི་བདག་དབང་ལ་ཐེ་གཏོགས་བྱེད་ཀྱིན་ཡོད་པ་དང་། ས་གནས་ཀྱི་བདེ་འཇགས་དང་ཞི་བདེ་ལ་གཏོར་སྐྱོན་གཏོང་གི་ཡོད་པ་དེར་མཐའ་གཅིག་ཏུ་ཁ་གཏད་གཅག་ནས་ཐའེ་ཝན་གྱི་བདེ་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

དེ་བཞིན་ཐའེ་ཝན་གཞུང་གིས་རྒྱལ་སྲུང་ཆེད་ཨ་རི་སོགས་ནས་དམག་གྲུ་དང་གོ་མཚོན་ཉོས་པ་དང་འབྲེལ་ལྕམ་ཚའེ་ཡེན་ཝིན་ལགས་ཀྱིས། ང་ཚོས་རང་ཉིད་ཀྱི་གོ་མཚོན་གྱི་ནུས་ཤུགས་གོང་མཐོང་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། ཐའེ་ཝན་གྱི་བདེ་སྲུང་དང་མི་མང་གི་རང་དབང་། དམངས་གཙོའི་འགྲོ་ལུགས་བཅས་ལ་འགན་ལེན་བྱེད་ཀྱི་ཡོད་སྟབས། ཐའེ་ཝན་གྱིས་རྒྱ་ནག་གཞུང་གི་དམག་ཤུགས་འཇིགས་སྐུལ་ལ་ནུས་པ་ཡོད་རྒུ་བཏོན་ནས་ཁ་གཏད་གཅོག་རྒྱུ་དང་གོམ་གང་ཡང་ཕྱི་སྣུར་བྱ་རྒྱུ་མིན་སྐོར་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༡/༢༣

Leave a Reply

One thought on “དྲག་པོའི་འཇིགས་སྐུལ་ལ་རྒོལ་ལན་སྤྲད།  

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ད་དམག་ཆེན་གསུམ་པའི་སྔོ་བརྡ་དང་སྒྲ་སྒྲིག་མིན་འགྲོ་ད་ལོའི་
    ལོ་རྟགས་ས་ཕག་ཡིན་པ་ནས་བོད་ཤོར་ནས་ལོ་དྲུག་བཅུ་འཁོར་
    བ་ས་ཕག་ལོ་བོད་ཤོར་བ་ས་ཕག་ལོ་ལ་བོད་རང་བཙན་ཐོབ་རྒྱུ་
    ཡིན་པ་དམག་ཆེན་གསུམ་པའི་འཇུག་འབྲས་ནས་ཤེས་ཐུབ།