ཧིན་རྡུའི་བླ་ཆེན་ཞིག་སྐུ་གྲོངས་པར་ཐུགས་གསོའི་གསུང་འཕྲིན་བསྩལ།

༧གོང་ས་མཆོག་གིས་ཧིན་རྡུའི་བླ་ཆེན་སི་ཝཱ་མི་ལགས་སྐུ་གྲོངས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་ཏེ་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོ་འགྲོ་བ་མི་ལ་བདེ་སྐྱིད་བསྐྲུན་ཐབས་སུ་བཏང་གནང་ཡོད་པས་གཞན་གྱི་མིག་དཔེར་གྱུར་ཡོད་ཅེས་གསུངས་འདུགརྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡། ༤༤ སྟེང་། རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀ་ན་ཊ་ཀའི་ཊོམ་ཀོར་(Tumkur)གྲོང་ཁྱེར་ནང་། མངའ་སྡེ་དེའི་ཧིན་རྡུ་ཆོས་ལུགས་ཀྱི་ཆོས་དཔོན་ཤི་ཝཱ་ཀུ་མཱ་རི་སི་ཝཱ་མི་(Shivakumara Swami)ལགས་དགོང་གྲངས་ ༡༡༡ ཐོག་སྐུ་གྲོངས་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་གནད་ཡོད་མི་སྣ་མང་པོས་དམ་པ་ཁོང་གི་ཤུལ་ལུས་དང་དད་ལྡན་འབྲེལ་ཡོད་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག

༧གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། ཉེ་བའི་ལོ་ཤས་གོང་ཊོམ་ཀོར་(Tumkur)གཙུག་ལག་སློབ་གཉེར་ཁང་དུ། དམ་པ་སི་ཝཱ་མི་ལགས་སུ་མཇལ་བའི་གོ་སྐབས་བཟང་པོ་ཞིག་བྱུང་། ཁོང་གིས་མགོན་མེད་སྐྱབས་མེད་ཀྱི་ཉམ་ཐག་ཚོར་གཟིགས་སྐྱོང་གནང་བ་དེ་ཚོ་བསྔགས་བརྗོད་འོས་པ་ཞིག་རེད་ལ། ལྷག་པར་དུ་ཉམ་ཐག་དེ་ཚོའི་ཆེད་ཤེས་ཡོན་གྱི་བསྟི་གནས་ཁང་མང་པོ་ཞིག་བརྒྱབས་གནང་ཡོད། དམ་པ་སི་ཝཱ་མི་ལགས་ཀྱི་སྐུ་ཚེ་ཧྲིལ་པོ་འགྲོ་བ་མིའི་བདེ་སྡུག་ལ་ཕན་བདེ་བསྐྲུན་ཆེད་བཏང་ཡོད་པས་གཞན་གྱི་མིག་དཔེར་གྱུར་ཡོད། ངོས་ནས་དམ་པ་སི་ཝཱ་མི་ལགས་དང་ཁོང་གི་རྗེས་འབྲང་པ་ཚོས་འགྲོ་བ་མིར་ཞབས་འདེགས་ཞུ་བཞིན་པར་གུས་བཀུར་དང་ཡི་རངས་ཞུ་ཡི་ཡོད། ཅེས་གསུངས་འདུག

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་གསུང་འཕྲིན་ནང་། བདག་ལ་དམ་པ་ཁོང་དང་མཇལ་རྒྱུའི་གོ་སྐབས་ཐོབ་མྱོང་ལ། ཁོང་གིས་འགྲོ་བ་མིའི་རིགས་སྤྱི་དང་ལྷག་པར་དུ་དབུལ་ཕོངས་དང་བཀྲེས་ལྟོགས་མྱོང་བཞིན་པའི་མི་སེར་གྱི་དཀའ་སྡུག་སེལ་བར་སྐུ་ངལ་བསྐྱོན་ཡོད་པས། ངས་འཛམ་གླིང་ནང་ཡོད་པའི་དམ་པ་ཁོང་གི་རྗེས་འཇུག་པ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་གསོལ་འདེབས་ཞུ་ཡི་ཡོད། ཅེས་གསུངས་འདུག

ཡང་ཀ་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གོ་མོ་ར་སི་ཝཱ་མི་(H D Kumaraswamy)ལགས་ཀྱིས། དམ་པ་སི་ཝཱ་མི་ལགས་འདས་གྲོངས་སུ་ཕྱིན་པ་གོ་ཐོས་བྱུང་རྗེས་བློ་ཕམ་བྱུང་། དམ་པ་ཁོང་གིས་མངའ་སྡེ་འདིའི་མི་འབུམ་ཕྲག་མང་པོར་སྒྱུར་བཅོས་བཏང་ཡོད་པ་མ་ཟད། མ་འོངས་པའི་མི་རབས་གསར་པ་མང་པོ་སྐྱེད་སྲིང་གནང་ཡོད་པས། ཁོང་འདས་གྲོངས་སུ་ཕྱིན་པ་དེ་མངའ་སྡེ་སྤྱི་ལ་གུན་གསབ་བྲལ་བའི་གྱོང་གུད་ཅིག་ཡིན། ཞེས་གསུངས་འདུག

གཞན་ཡང་བླ་ཆེན་ཁོང་སྐུ་གྲོངས་པར་རྒྱ་གར་གྱི་གཞུང་འཛིན་ཚོགས་པ་གཙོས་ཆབ་སྲིད་ཚོགས་པ་མང་པོས་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་དང་། ཁོང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཀ་ན་ཊ་ཀའི་མངའ་སྡེ་ཡོངས་ཉིན་ ༣ རིང་གུང་གསེང་བཏང་ཡོད་འདུག ཧིན་རྡུ་ཆོས་ལུགས་ཀྱི་རྗེས་འཇུག་པ་མང་པོས་དམ་པ་སི་ཝཱ་མི་ལགས་ལ་ཞབས་ཐང་དུ་ཕེབས་པའི་ལྷ་ཞེས་ཞུ་ཡི་ཡོད་པ་དང་།  ཁོང་ཕྱི་ལོ་ ༡༩༠༧ ཟླ་ ༤ ཚེས་ ༡ ཉིན་ཝི་ར་པོ་ར་(Veerapura)ཞེས་པར་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ཀྱི་མཚན་ལ་ཤི་ཝ་ན་ཟེར་ཞིང་། ཧིན་རྡུའི་སྲོལ་རྒྱུན་ལིན་གྷ་ཡ་ཊི་(Lingayat)ཡི་ཆོས་སྒོར་ཞུགས་རྗེས། ཁོང་གི་མཚན་ལ་(Shivakumara Swami)ཞེས་བཏགས་ཡོད་པ་དང་། ད་བར་ཀ་ན་ཊ་ཀ་མངའ་སྡེ་གཙོས་རྒྱ་གར་ནང་ཤེས་ཡོན་གྱི་བསྟི་གནས་དང་། ལྷག་པར་དུ་དབུལ་ཕོངས་མི་མང་ལ་དམིགས་བསལ་ལྟ་སྐྱོང་ཁང་སོགས་ཞབས་ཞུའི་ལྟེ་གནས་ཁྱོན་ ༡༣༠ ལྷག་བཙུགས་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༡/༢༣

Leave a Reply