རྒྱ་ནག་གིས་རྩོམ་པ་པོ་ཞིག་འཛིན་བཟུང་བྱས།

རྒྱ་ནག་གཞུང་གིས་ཨོ་སི་ཊོ་ལི་ཡའི་རྩོམ་པ་པོ་ཞིག་འཛིན་བཟུང་བྱས་ཡོད་པས་ཁོང་གང་མགྱོགས་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་པ་མིང་ལ་ཡཱང་ཧིན་ཅོན་(Yang Hengjun)ཟེར་བའི་རྩོམ་པ་པོ་ཞིག་རྒྱ་ནག་ནང་ཕྱིན་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཨོ་སི་ཊོ་ལི་ཡ་གཞུང་གིས་འདས་པའི་ཉིན་ ༥ རིང་འཚོལ་ཞིབ་བྱས་པ་བརྒྱུད། ཁ་སང་ཕྱི་ཚེས་ ༢༣ ཉིན་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག ཡིན་ནའང་། ཁོང་འཛིན་བཟུང་བྱེད་དོན་གང་ཡིན་ཁ་གསལ་མེད་སྟབས། ཨོ་སི་ཊོ་ལི་ཡ་གཞུང་དང་ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་རྩོམ་པ་པོ་ཁོང་འཛིན་བཟུང་བྱེད་དོན་གང་ཡིན་ཁ་གསལ་བཟོས་དགོས་པ་དང་། ཉེས་པ་མེད་ཚེ་གང་མགྱོགས་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་འབྲེལ་མཐུད་ལྷན་ཁང་གིས། པེ་ཅིན་དུ་ཡོད་པའི་ང་ཚོའི་གཞུང་ཚབ་ཁང་གིས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་དང་ཐུག་འཕྲད་བྱས་ཏེ། སྐུ་ཞབས་ཡཱང་ཧིན་ཅོན་འཛིན་བཟུང་བྱེད་དོན་གང་ཡིན་སོགས་ཀྱི་ཐད་གྲོས་མོལ་བྱས་ནས་ཁོང་གང་མགྱོགས་ཀློད་གྲོལ་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་ནའང་། རྒྱ་ནག་གཞུང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་(Hua Chunying)གྱིས་ང་ཚོས་གནས་ཚུལ་འདིའི་སྐོར་གང་ཡང་ཤེས་ཀྱི་མེད་ཅེས་གསར་འགོད་པར་ལན་འདེབས་བྱས་ཡོད་འདུག

ཡང་ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་རྩོམ་པ་པོ་ཡཱང་ལགས་འཛིན་བཟུང་བྱས་པ་མགྱོགས་མྱུར་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། མཐུན་ཚོགས་དེའི་ཚོགས་གཙོ་སམ་མར་ལོ་ཕུད་རྫི་(Summer Lopez)ལགས་ཀྱིས། གལ་སྲིད་སྐུ་ཞབས་ཡཱང་ལགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་མེད་ཚེ་ཁོང་འཛིན་བཟུང་བྱེད་དགོས་དོན་མེད་པས། ད་རེས་ཁོང་འཛིན་བཟུང་བྱེད་དོན་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་རྩོམ་ཡིག་སྤེལ་བའི་རྐྱེན་གྱིས་རེད། རྩོམ་པ་པོ་ཡཱང་ལགས་འཛིན་བཟུང་བྱས་པ་དེས་རྒྱ་ནག་གཞུང་གིས་སོ་སོའི་མི་སེར་ཙམ་མ་ཟད་རྒྱལ་ཁབ་གཞན་གྱི་མི་སེར་ལའང་སྨྲ་བརྗོད་རང་དབང་བཀག་སྡོམ་བྱེད་བཞིན་ཡོད་པ་བསྟན་ཡོད། ཅེས་བརྗོད་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་སི་ཌི་ནེ་འཕྲུལ་རིག་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཞིག་གིས། རྩོམ་པ་པོ་ཡཱང་ཧིན་ཅོན་ལགས་ཚ་མོ་ཨ་རིར་ལེན་ཆེད་བཟའ་མི་ལྷན་དུ་རྒྱ་ནག་ཏུ་ཕྱིན་ཡོད་པ་དང་། རྒྱ་ནག་གིས་ཁོང་དང་བཟའ་ཟླ། བུ་ཕྲུག་བཅས་འཛིན་བཟུང་བྱས་རྗེས་མ་བུ་གཉིས་ཀློད་གྲོལ་བཏང་སྟེ་ཧྲང་ཧེ་རུ་སྤུན་མཆེད་ཐུག་པར་བཏང་འདུག ངས་ཡཱང་ལ་ཁྱེད་རང་རྒྱ་ནག་ཏུ་ཕྱིན་ཚེ་བདེ་འཇགས་མིན་ཚུལ་བཤད་ནའང་ཁོས་སྐྱོན་མེད་སྐོར་བརྗོད་དེ་ཕྱིན་སོང་། ཞེས་བརྗོད་ཡོད་པ་དང་། རྩོམ་པ་པོ་ཡཱང་ཧིན་ཅོན་ལགས་ནམ་རྒྱུན་ཨ་རིར་གནས་སྡོད་བྱེད་ཀྱི་ཡོད་པ་དང་ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་འདུག

དེ་རིང་ཨོ་སི་ཊོ་ལི་ཡའི་རྒྱལ་སྲིད་བློན་ཆེན་ཁུ་རེ་སི་ཊོ་ཧྤར་པེ་ནེ་(Christopher Pyne)ལགས་རྒྱ་ནག་ནང་གཞུང་དོན་སྐོར་སྐྱོད་དུ་ཕེབས་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་མོལ་བྱེད་ཀྱི་ཡོད་ཀྱང་། ན་ནིང་ཨོ་སི་ཊོ་ལི་ཡ་གཞུང་ནས་རྒྱ་ནག་གིས་ཨོ་སི་ཊོ་ལི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་སྐོར་བརྗོད་དེ། ཕྱིའི་རྒྱལ་ཁབ་ཁག་གིས་ཨོ་སི་ཊོ་ལི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་པའི་ཁྲིམས་གསར་གཏན་འབེབས་ཀྱིས་ཡོངས་བསྒྲགས་བྱས་རྗེས། ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ན་ནིང་ཕྱི་ཟླ་ ༨ པའི་ནང་ཨོ་སི་ཊོ་ལི་ཡ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ནང་མཉམ་ཞུགས་ཀྱིས་རྒྱ་ནག་གི་ཧྭ་ཝེ་འཕྲུལ་རིག་བཟོ་ཚོང་གི་ཚད་རིམ་ལྔ་ཅན་དྲ་ལམ་སོགས་གཞུང་འབྲེལ་བཀག་སྡོམ་བྱས་ཡོད་འདུག

རྩོམ་པ་པོ་ཡཱང་ཧིན་ཅོན་ལགས་ནི་ཕྱི་ལོ་ ༡༩༦༥ ལོར་རྒྱ་ནག་ཧུའུ་པའེ་ཞིང་ཆེན་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༧ ལོར་རྒྱ་ནག་ཧྥུ་ཏན་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན། དེ་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་དུ་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ནས་ ༡༩༩༧ བར་ཧོང་ཀོང་དུ་རྒྱ་ནག་གི་བཟོ་ཚོང་ཁང་ཆེན་པོ་ཞིག་གི་འགན་འཛིན་བྱས། ཕྱིས་སུ་ནུབ་རྒྱ་མཚོའི་མནའ་མཐུན་ཚོགས་པའི་རྩ་འཛུགས་འོག རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར། མགོ་འཁྲིད་བཅས་ཀྱི་བདེ་འཇགས་གནས་བབ་ལ་འགན་འཁུར་བྱེད་པའི་ཨ་ཊི་ལན་ཊི་ཁུ་(Atlantic)ཚོགས་ཁོངས་སུ་ཞུགས་ཏེ། ཨ་རི་དང་ཨོ་སི་ཊོ་ལི་ཡ་སོགས་སུ་ཕྱིན་ནས་ཨོ་སི་ཊོ་ལི་ཡའི་མི་སེར་ཆགས་ཡོད་འདུག ཁོང་གིས་དེ་སྔོན་བརྩམས་སྒྲུང་དེབ་གཉིས་བྲིས་ཡོད་པ་དང་། རྒྱུན་དུ་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་རྩོམ་ཡིག་མང་པོ་བྲིས་ཡོད་པར་བརྟེན།  ཕྱི་ལོ་ ༢༠༡༡ ལོར་ཁོང་རྒྱ་ནག་ཏུ་ཕྱིན་སྐབས་འཛིན་བཟུང་བྱས་ཏེ་འདྲི་ཞིབ་བྱས་ཡོད་ཀྱང་།  སྐབས་དེར་འཛིན་བཟུང་བྱེད་ནོར་ཤོར་སོང་སྐོར་བརྗོད་དེ་ཀློད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༡/༢༤

Leave a Reply

One thought on “རྒྱ་ནག་གིས་རྩོམ་པ་པོ་ཞིག་འཛིན་བཟུང་བྱས།

  1. བསྟན་འཛིན་རབས་བསྟན་

    ཀྲུང་གོས་རང་སྣང་གང་ཤར་གྱི་རྒྱལ་ཁབས་གཞན་པའི་མི་དམངས་འཛིན་བཟུང་བྱས་།
    རྒྱལ་ནང་གྱི་བོད་རིགས་སྤུན་ཟླ་ལ་ཧམ་སྣོན་བྱས་།
    རེ་བ་ལ་USA དང་CA དངོས་སུ་ཐོན་ནས་ཀྲུང་གོ་དང་འབྲེལ་གཏུག་བྱས་ནས་།
    ཀྲུང་གོ་ལ་གནོན་ཤུགས་སྤྲོད་ཐུབ་ན་ཧ་ཅང་ལེགས་།