རྒྱལ་ཁབ་ཀྱི་བདག་དབང་ནི་གལ་ཆེན་རེད་དེ་ཡོངས་ཁྱབ་ཀྱི་བདེ་དོན་ནི་དེ་ལས་གལ་ཆེ་བ་རེད།

༧གོང་ས་མཆོག་གིས་ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་བྱམས་བརྩེ་དང་གཅིག་ཕན་གཅིག་གྲོགས་བྱེད་པ་ལྟ་བུའི་མིའི་གཞི་རྩའི་རིན་ཐང་དར་སྤེལ་གཏོང་ཐབས་བྱེད་ཀྱི་ཡོད་པ་ལས་སྐྱེ་བ་ཕྱི་མ་དང་དཀོན་མཆོག་གི་ཆེད་དུ་གང་ཡང་བྱེད་ཀྱི་མེད་ཅེས་གསུངས།དེ་རིང་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་ཨ་རི་དང་ཨེ་ཛི་རལ་ནས་ཡིན་པའི་སློབ་མ་ཁག་ཅིག་ལ་བཀའ་སློབ་ལམ་སྟོན་གནང་བ་དང་། སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་གནང་སྐབས་རྒྱ་ནག་གཞུང་གིས་སྤོབས་པ་དང་ལྡན་པའི་ངང་ལྕགས་རི་རིང་པོ་ངོམ་གྱི་ཡོད་ཀྱང་དོན་དངོས་སུ་དེ་ནི་རྒྱའི་ས་མཚམས་ངོ་མ་དེ་ཡིན་པ་དང་། ས་མཚམས་དེའི་བྱང་ཤར་ནི་མན་ཇུ་དང་ནུབ་རྒྱུད་དུ་སོག་པོ་ཡོད་པ་རེད། ནུབ་ཕྱོགས་སུ་བོད་ཡོད་པ་རེད་ཅེས་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་གི་མིའི་རིགས་ཚང་མ་སྐྱེས་འཚར་གྱི་རྒྱུད་རིམ་གཅིག་མཚུངས་ཡིན་སྐོར་གསུངས་དོན།  གནས་འདི་ནི་ངོས་ཀྱི་ལོ་ངོ་ ༦༠ ཙམ་གྱི་སྡོད་གནས་ཡིན་པ་དང་། ཁྱེད་རྣམ་པ་ངོས་ཀྱི་ལོ་ངོ ༦༠ ཙམ་གྱི་སྡོད་གནས་ལ་བཅར་པར་དགའ་བསུའི་འཚམས་འདྲི་ཞུ་ཡི་ཡོད། ངོས་ཀྱིས་རྟག་ཏུ་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་ ༧༠ ཚང་མ་སེམས་ཚོར་དང་ལུས་ཀྱི་གྲུབ་སྟངས་ཐད་ནས་ང་ཚོ་ནི་འགྲོ་བ་མིའི་རིགས་ཡིན་པ་གཅིག་མཚུངས་ཡིན་པ་བརྗོད་ཀྱི་ཡོད། མའི་མངལ་ལས་སྐྱེས་དུས་ཇེའུ་དང་ཡེ་ཤུ། ཁ་ཆེ་དང་ནང་པ། ཧིན་རྡུ་སོགས་ང་ཚོར་ཆོས་ལུགས་ཀྱི་ཁྱད་པར་གང་ཡང་མེད་པར་འཛམ་གླིང་གི་མི་དུང་ཕྱུར་ ༧༠ ཚང་མ་སྐྱེས་སྟངས་གཅིག་མཚུངས་ཡིན་པ་རེད།  མ་ཟད་ཚང་མ་མའི་བྱམས་བརྩེ་དང་ནུ་ཞོ་ལས་འཚར་བ་རྐྱང་རྐྱང་རེད། མའི་བྱམས་བརྩེ་དང་ནུ་ཞོ་མེད་པར་ང་ཚོ་ཉིན་འགའ་ལས་གསོན་ཐབས་མེད་པ་དེ་ནི་འགྲོ་བ་མིའི་འཚར་ལོངས་ཀྱི་རྒྱུད་རིམ་ཞིག་རེད། དེང་སྐབས་ཚན་རིག་པ་འགས་མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་དང་ལྡན་པ་ཡིན་པར་བརྗོད་བཞིན་པ་དེ་ནི་བདེན་པར་འདུག བྱམས་བརྩེ་ནི་ང་ཚོའི་འཚོ་གནས་ཀྱི་རྩ་བ་ལྟ་བུ་ཞིག་ཡིན་ལ། ཁྲོང་ཁྲོ་ནི་བྱམས་བརྩེ་འཇོམས་བྱེད་ལྟ་བུ་རེད། ཐ་ན་དུད་འགྲོ་ཡིན་རུང་གསར་དུ་སྐྱེས་མ་ཐག་པའི་ཕྲུ་གུ་ལ་ལྕེ་ལྡག་བྱེད་པ་སོགས་བྱེད་ཀྱི་ཡོད་པ་རེད། དེ་ནི་ལྷན་སྐྱེས་རེད་ལ་འཚོ་གནས་ཀྱི་རྩ་བ་ལྟ་བུ་རེད། ཅེས་གསུངས།

ཡང་ཁོང་ཁྲོ་དང་ཞེ་སྡང་གིས་ཕྱི་ལུས་པོ་ལའང་གནོད་ཀྱི་ཡོད་སྐོར་ཁོང་གིས། ཐེངས་ཤིག་ཚན་རིག་པ་ཚོ་དང་ལྷན་ཚོགས་འདུ་ཞིག་གི་སྐབས། ཟླ་ ༦ ཙམ་ལས་སོན་མེད་པའི་བྱིས་པ་ཞིག་ལ་འགུལ་བརྙན་ཞིག་བསྟན་པ་རེད། ངོས་ཀྱི་བསམ་པར་སྐབས་དེའི་བྱིས་པའི་རང་བཞིན་ནི་དྲི་མས་མ་གོས་པ་རེད། འགུལ་བརྙན་དེའི་ནང་བྱིས་པ་གཉིས་ཀྱིས་ཕན་ཚུན་ལ་རོགས་རམ་བྱེད་བཞིན་པ་ཞིག་བཟོས་ཡོད་པས་ཟླ་ ༦ ཙམ་ཡིན་པའི་བྱིས་པ་དེར་དགའ་ཚོར་ཡོང་སོང་། དེ་ལས་ལྡོག་པའི་འགུལ་བརྙན་གཞན་ཞིག་བསྟན་པས་བྱིས་པ་དེས་སེམས་མ་སྐྱིད་པ་ལྟ་བའི་རྣམ་འགྱུར་བསྟན་ཡོང་གི་འདུག དེ་ལས་གལ་ཆེ་བ་ཞིག་ནི་རྟག་ཏུ་ཁོང་ཁྲོ་དང་ཞེ་སྡང་ལངས་པ་དེས་ང་ཚོའི་ལུས་ཀྱི་ནད་འགོག་སྲུང་གི་ནུས་པ་དེ་ཉམས་དམས་སུ་གཏོང་གི་ཡོད་པ་དང་། དེ་ལས་ལྡོག་པའི་བྱམས་བརྩེ་དང་ལྡན་པའི་སེམས་ཁམས་དེས་ལུས་པོའི་བདེ་ཐང་ཡང་ཡག་ཏུ་འགྲོ་ཡི་ཡོད་པ་རེད། དེང་སྐབས་ངོས་ཀྱིས་ལུས་ཀྱི་འཕྲོད་བསྟེན་སློབ་གསོ་ནི་བྱིས་གཉོར་ཁང་ནས་བཟུང་སྤྲོད་དགོས་གལ་ཆེ་བ་བརྗོད་ཀྱི་ཡོད་ལ། དེའི་ཐོག་སེམས་ཁམས་ཀྱི་འཕྲོད་བསྟེན་སློབ་གསོ་སྤྲོད་པ་ཚུད་དགོས་པ་རེད། དེང་སྐབས་ང་ཚོའི་མཐོང་ཆོས་སུ་གྱུར་པ་ཞིག་ལ་མི་རེ་འགའ་ཕྱི་ཚུལ་ནས་བདེ་ཐང་ཞེ་པོ་དེ་འདྲ་ཡིན་ནའང་། ནང་སེམས་ལ་དཀའ་ངལ་ཅན་དེ་འདྲ་ཡོད་པ་རེད། དེ་བས་དེང་རབས་ཀྱི་སློབ་གསོའི་ནང་ནང་སེམས་ཀྱི་འཕྲོད་བསྟེན་ཚུད་དགོས་པ་རེད། ཕྱི་ལུས་པོའི་འཕྲོད་བསྟེན་ལ་བདག་པོ་རྒྱག་པ་དང་མཉམ་དུ་སེམས་ཞི་དུལ་ཡོང་བར་སེམས་ཀྱི་འཕྲོད་བསྟེན་སྤྲོད་དགོས་པ་རེད། དེ་བས་ངོས་ཀྱི་དམ་བཅའ་དང་པོ་དེ་ངོས་ནི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་བྱམས་བརྩེ་དང་གཅིག་ཕན་གཅིག་གྲོགས་བྱེད་པ་ལྟ་བུའི་མིའི་གཞི་རྩའི་རིན་ཐང་དར་སྤེལ་གཏོང་ཐབས་བྱེད་ཀྱི་ཡོད་པ་ཙམ་ལས། སྐྱེ་བ་ཕྱི་མ་དང་དཀོན་མཆོག་གི་ཆེད་དུ་གང་ཡང་བྱེད་ཀྱི་མེད། དེ་ནི་ཉིན་མཚན་དང་ཟླ་བ། ལོ་དང་མི་ཚེ་ཧྲིལ་བོར་ཆོས་ལུགས་ལ་དད་མོས་ཡོད་མེད་ལ་མ་བལྟོས་པར་སྐྱིད་པོ་འབྱུང་ཆེད་ཡིན། ཞེས་གསུངས་སོང་།

འཛམ་གླིང་གི་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་འབྱུང་བར་འབད་བརྩོན་དགོས་སྐོར་ལ། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ལྟ་གྲུབ་ཐ་དད་མིན་ལ་མ་བལྟོས་པར་ཚང་མས་བསླབ་བྱ་གཙོ་བོ་གཅིག་བརྒྱག་གི་ཡོད་པ་དེ་ནི་བྱམས་བརྩེ་རེད། ལྟ་གྲུབ་ཀྱི་ཆ་ནས་ཤུགས་ཆེ་ཤོས་དེ་ང་ཚོ་ཚང་མ་དཀོན་མཆོག་གིས་བསྐྲུན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དཀོན་མཆོག་ལ་འཛད་མཐའ་མེད་པའི་བྱམས་བརྩེ་ཡོད་པ་དང་། ཁོང་ནི་ཕ་ལྟར་ངོས་འཛིན་བྱེད་པ་དང་ཁོང་ལ་བྱམས་བརྩེ་ཚད་མེད་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ང་ཚོ་ཚང་མ་དེ་ལྟ་བུའི་ཕ་ཞིག་གི་ཕྲུ་གུ་ཡིན་པ་རེད། མ་རེད་དམ། གལ་སྲིད་ཁྱེད་རང་དཀོན་མཆོག་ལ་ཡིད་ཆེས་གཙང་མ་ཡོད་མཁན་ཞིག་ཡིན་ཚེ་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་ ༧༠ ལྷག་ཚང་མ་བྱམས་བརྩེའི་རང་བཞིན་ཅན་གྱི་ཕ་གཅིག་གི་སྤུན་མཆེད་ཡིན་པ་རེད། དེ་བས་ང་ཚོས་ཆོས་ལུགས་འདི་དག་གི་བསླབ་བྱ་ལ་ནན་ཏན་གྱིས་ཉམས་ལེན་བྱས་ཚེ་ཧ་ལས་དགོས་པ་དེ་འདྲ་རེད་འདུག དེ་དང་གཅིག་མཚུངས་སུ་འཇིག་རྟེན་བཀོད་པ་པོར་ཁས་མི་ལེན་པའི་ཆོས་ལུགས་དེ་ཚོར་ལྟ་གྲུབ་ཀྱི་ཐོག་ནས་འཇིག་རྟེན་བཀོད་པ་པོ་ཡོད་པར་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད་དེ། དེས་རང་ཉིད་ཀྱི་བྱ་སྤྱོད་ལ་གཙོར་འཛིན་བྱེད་ཀྱི་ཡོད་པ་རེད། གལ་སྲིད་ཁྱེད་ཀྱི་འཚོ་བ་བྱམས་བརྩེ་དང་ལྡན་པའི་འཚེ་མེད་ངང་སྐྱེལ་ཚེ། མི་ཚེ་འདིར་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་དང་། རྒྱ་གར་གྱི་ལུགས་ལྟར་ན་སྐྱེ་བ་ཕྱི་མ་ནས་ཕྱི་མར་བདེ་སྐྱིད་ཡོང་བར་བཤད་ཀྱི་ཡོད་པ་རེད། དེ་བས་མི་ཚེ་འདིར་བྱམས་བརྩེ་དང་ལྡན་པའི་ངང་སྐྱེལ་ཚེ་སྐྱེ་བ་ཕྱི་མར་བདེ་སྐྱིད་དང་ལྡན་པར་ངེས་གཏན་འཁེལ་བ་རེད། གང་ལྟར་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་དང་མི་ལེན་མཁན་གྱི་ཆོས་ལུགས་ཚང་མས་བསླབ་བྱ་གཅིག་གནང་གི་ཡོད་པ་རེད། ལྟ་གྲུབ་ཀྱི་ཆ་ནས་འདྲ་མིན་ཡོང་གི་ཡོད་པ་རེད་ལ་དེ་ནི་དགོས་ངེས་ཤིག་ཀྱང་རེད། རྒྱུ་མཚན་ནི་སྨན་གཅིག་གིས་ནད་པ་ཞིག་ལ་ཕན་གྱི་ཡོད་མེད་བཤད་ཐུབ་ཀྱི་ཡོད་པ་མ་རེད། ནད་པའི་གནས་སྟངས་ལ་གཞིགས་ནས་ནད་པ་དེར་སྨན་འདི་ཕན་པོ་འདུག་ལབ་ཐུབ་ཀྱི་རེད། གཅིག་མཚུངས་སུ་ང་ཚོས་ཆོས་ལུགས་གཅིག་ཡག་པོ་འདུག་ཅེས་བཤད་ཐབས་ཡོད་པ་མ་རེད། མི་འདྲ་མིན་གྱི་བསམ་བློའི་གནས་བབ་ལ་གཞིགས་ནས་ཕན་གྱི་ཡོད་པ་རེད། དེ་བས་མི་ལ་ལར་འཇིག་རྟེན་བཀོད་པ་པོར་ཁས་ལེན་བྱེད་པའི་ཆོས་ལུགས་ཀྱི་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཡང་ལ་ལར་འཇིག་རྟེན་བཀོད་པ་པོར་ཁས་ལེན་མི་བྱེད་པའི་ཆོས་ལུགས་ཀྱིས་ཕན་ཐོགས་རྒྱ་ཆེན་ཡོང་གི་ཡོད་པ་རེད། ངོས་ཀྱིས་ནམ་ཡང་ནང་ཆོས་ནི་ཆོས་ལུགས་ཡག་ཤོས་རེད་ཅེས་བཤད་མ་མྱོང་།

དཀྱིལ་ཤར་ཨེ་ཤ་ཡའི་ཨབ་གྷན་དང་སེ་རི་ཡ་སོགས་ཀྱི་གནས་སྟངས་གོ་དུས་ངོས་ཀྱི་སེམས་སྐྱོ་ཡོང་གི་འདུག ཁོང་ཚོ་ཚང་མ་ཨ་ལ་དང་ཀོ་རམ་གཅིག་གི་རྗེས་འབྲངས་ཡིན་པ། དེ་བཞིན་ཉིན་གཅིག་ལ་ཐེངས་ལྔར་སྨོན་ལམ་རྒྱག་མཁན་ཡིན་པ་གཅིག་པ་ཡིན་མཁན་ཚོས་ཆོས་བརྒྱུད་བྱེ་བྲག་པའི་མིང་ཐོག་ནས་གསོད་རེས་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཨེ་ཇིབ་ནང་ཁ་ཆེ་དང་ཡི་ཤུའི་བར་གསོད་རེས་བྱེད་བཞིན་ཡོད་པ་རེད། ཆོས་ལུགས་མ་འདྲ་བར་དམིགས་ཡུལ་གཅིག་པ་ཡིན་ནའང་། ཆོས་ལུགས་གཅིག་གི་ནང་དུ་ཡང་དབྱེ་འབྱེད་ཀྱི་དཀའ་ངལ་བཟོ་བཞིན་ཡོད་པ་རེད། དེ་བས་ཉེ་སྔོན་ནས་བཟུང་ངོས་ཀྱི་ཁ་ཆེ་གྲོགས་པོ་ཚོར་རྒྱ་གར་ནང་གི་ཁ་ཆེ་བ་ཚོའི་ནང་སོ་ནེ་དང་ཤེ་ཡ་གཉིས་བར་དཀའ་ངལ་གོ་མ་མྱོང་། དེ་བས་རྒྱ་གར་ནང་གི་ཁ་ཆེ་བ་ཚོས་ཁ་ཆེ་བ་གཞན་པ་ཚོར་མིག་དཔེ་ལྟ་བུ་སྟོན་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད། སོ་ནེ་དང་ཤེ་ཡ་གཉིས་བར་འགལ་ཟླ་འབྱུང་བའི་གཞི་ཞིག་ཡོད་པ་མ་རེད། དེ་བཞིན་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་གཞན་པ་དེ་ཚོའི་བསླབ་བྱ་གཅིག་པ་ཡིན་པ་དང་འགྲོ་བ་མིའི་རིགས་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཅེས་གསུངས་སོང་།

ཡང་བོད་དོན་འཐབ་རྩོད་ཀྱི་ཐད་ནས་རྒྱལ་ཁབ་ཀྱི་བདག་དབང་གལ་ཆེན་ཡིན་ཡང་ཡོངས་ཁྱབ་ཀྱི་བདེ་དོན་ནི་དེ་ལས་གལ་ཆེ་བ་ཡིན་སྐོར་བཀའ་སློབ་གནང་དོན། ངོས་རང་བོད་པ་ཞིག་ཡིན་པ་དང་བོད་མི་ཚོས་ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ཆབ་སྲིད་ཀྱི་ཐད་ནས་ཕྱི་ལོ་ ༢༠༡༡ ནས་རྒས་ཡོལ་ཞུས་ཟིན་པ་རེད། ང་ཚོས་འོས་འདེམས་བྱས་པའི་དབུ་འཁྲིད་ཅིག་བསྐོས་ཡོད་པ་རེད། ཁོང་གིས་ལས་འགན་ཆ་ཚང་བ་ཞིག་འཁུར་གྱི་ཡོད་པ་དང་། ངོས་ཀྱིས་བོད་ཀྱི་སྐད་ཡིག་ཚུད་པའི་རིག་གཞུང་ཉར་ཚགས་བྱེད་པར་ཤུགས་རྒྱག་གི་ཡོད། ཆབ་སྲིད་ཀྱི་ཐད་ནས་ང་ཚོས་རང་བཙན་འཐབ་རྩོད་བྱེད་ཀྱི་ཡོད་པ་མ་རེད། དོན་དངོས་སུ་བོད་མི་ཚོས་བོད་སྐད་བཤད་ཀྱི་ཡོད་པ་རེད་ལ་རང་སྐྱ་འཕེལ་བའི་བོད་ཡིག་ཡོད་པ་རེད། དུས་རབས་བདུན་པའི་ནང་བོད་རྒྱལ་ཀྱིས་བོད་ཀྱི་ཡིག་གཟུགས་རྒྱ་གར་ལ་དཔེ་བླངས་ནས་བཟོས་ཡོད་པ་རེད། ཁོང་རྒྱ་བཟའ་ལ་འཁྲུང་ས་བསྐྱོན་ཡོད་པ་རེད་དེ་ཡིག་གཟུགས་དཔེ་ལེན་ས་དེ་རྒྱ་གར་ཆགས་ཡོད་པ་རེད། དུས་རབས་བརྒྱད་པའི་ནང་ནང་ཆོས་བོད་ལ་དར་སྐབས་ཆོས་རྒྱལ་གྱིས་རྒྱ་ནག་ནས་མཁས་པ་གདན་འདྲེན་མ་ཞུས་པར་རྒྱ་གར་མཁས་པ་ཚོ་གདན་འདྲེན་ཞུས་པ་རེད། ཆོས་རྒྱལ་ཚོར་མངོན་ཤེས་ཡོད་མེད་གང་ལྟར་ཡང་བསམ་བློ་ཞེ་པོ་བཏང་འདུག ང་ཚོ་ལ་ཁྱིམ་མཚེས་རྒྱལ་ཁབ་སྟོབས་ཆེན་གཉིས་ཡོད་པ་ལས་ལྷོ་ན་རྒྱ་གར་དང་ཤར་ན་རྒྱ་ནག་ཡོད་པ་རེད། དུས་རབས་བདུན་པའི་ནང་རྒྱ་ནག་གི་ཐང་རྒྱལ་རབས་སྐབས་ཀྱི་སྲས་མོ་ལ་འཁྲུང་ས་བསྐྱོན་ནས་འབྲེལ་བ་དམ་ཟབ་བཙུགས་ཡོད་ནའང་། རིག་གཞུང་གི་ཕྱོགས་ནས་རྒྱ་གར་ལ་འབྲེལ་བ་དམ་ཟབ་བཞག་འདུག མི་ཁ་ཤས་ལ་ཐུག་དུས་བོད་རིགས་ཚོས་རྒྱ་སྐད་བཤད་ཀྱི་ཡོད་པར་བསམ་ནས་རྒྱ་སྐད་བཤད་ཡོང་གི་འདུག དོན་དངོས་སུ་བཤད་ཤེས་ཀྱི་མ་རེད། རྒྱའི་ཡིག་གཟུགས་ནི་རྙོག་འཛིང་ལྡན་པ་ཞིག་ཡིན་པ་དང་བོད་ཀྱི་ཡིག་གཟུགས་ནི་དེ་ལས་སྦྱང་སླ་བོ་ཡོད་པ་རེད། ཡིག་གཟུགས་ཀྱི་ཆ་ནས་བཤད་ནའང་བོད་ཀྱི་ཡིག་གཟུགས་ནི་རྒྱའི་ཡིག་གཟུགས་ཡར་ཐོན་ཡིན་པ་ངོས་ཀྱིས་བསམ་གྱི་ཡོད། དེ་བས་རིག་གཞུང་དང་སྐད་ཡིག དེ་བཞིན་ས་དབྱིབས་ཀྱི་ཆ་ནས་ཀྱང་ངོས་ཀྱི་རྒྱ་གར་བ་གྲོགས་པོ་ཞིག་གིས་བོད་ནི་ཁེར་ཚུགས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་བརྗོད་སོང་། དེ་ནི་བདེན་པ་རེད། ལྷོ་རྒྱུད་ཀྱི་ཧི་མ་ལ་ཡའི་རི་རྒྱུད་དང་ནུབ་རྒྱུད་ན་རི་རྒྱུད་ཡོད་པ་དེ་ཚོས་ས་དབྱིབས་ལ་ཁྱད་པར་བཟོས་ཡོད་པ་རེད། ང་ཚོས་ད་དུང་དེ་ལས་ཞིབ་ཏུ་བཤད་ན་སྐད་གྲགས་ཆེ་བའི་རྒྱ་ནག་གི་ལྕགས་རི་རིང་པོ་ནི་ཐོག་མར་རྒྱལ་ཁབ་ཀྱི་ས་མཚམས་རེད། ས་མཚམས་དེའི་བྱང་ཤར་ནི་མན་ཇུ་དང་ནུབ་རྒྱུད་དུ་སོག་པོ་ཡོད་པ་རེད། ནུབ་ཕྱོགས་སུ་བོད་ཡོད་པ་རེད། རྒྱ་ནག་གིས་སྤོབས་པ་དང་ལྡན་པའི་ངང་ལྕགས་རི་དེ་ངོམ་གྱི་ཡོད་ཀྱང་དོན་དངོས་སུ་དེ་ནི་ས་མཚམས་ངོ་མ་དེ་རེད། གང་ལྟར་ང་ཚོའི་ངོས་ནས་རང་བཙན་རྩོད་ཀྱི་མེད་ལ། ངོས་ནི་ཡོ་རོབ་སྤྱི་མཐུན་མནའ་འབྲེལ་གྱི་རང་བཞིན་དེ་ལ་དགའ་མོས་ཡོད་མཁན་ཞིག་ཡིན། རྒྱལ་ཁབ་ཀྱི་བདག་དབང་ནི་གལ་ཆེན་རེད་དེ་ཡོངས་ཁྱབ་ཀྱི་བདེ་དོན་ནི་དེ་ལས་གལ་ཆེ་བ་རེད། ཅེས་གསུངས་སོང་།

འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་འགོག་སྲུང་ཆེད་བོད་ཀྱི་ཁོར་ཡུག་བདག་གཅེས་བྱེད་གལ་ཆེ་སྐོར་༧གོང་ས་མཆོག་གིས། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ན་ལེནྡ་ནས་བརྒྱུད་པའི་ནང་བསྟན་ཉར་ཚགས་བྱ་རྒྱུ་དང་། བོད་ཀྱི་ཁོར་ཡུག་བདག་གཅེས་བྱེད་པའི་འོས་འགན་ཡོད་པ་རེད། རྒྱ་གར་གྱི་སྣོད་བཅུད་རྟེན་འབྲེལ་དཔྱད་ཞིབ་པ་འགས་ས་མཐོ་བ་དང་གནམ་གཤིས་སྐམ་པ་ལ་བརྟེན། ཐེངས་ཤིག་སྣོད་བཅུད་ལ་གནོད་སྐྱོན་ཐེབས་ཚེ་དེའི་རང་བཞིན་ཕྱིར་སླར་གསོ་བྱེད་པར་དུས་ཡུན་ཧ་ཅང་རིང་པོ་འགོར་གྱི་ཡོད་སྐོར་བརྗོད་བྱུང་། དེ་བས་ང་ཚོས་བོད་ཀྱི་ཁོར་ཡུག་ལ་བདག་གཅེས་བྱེད་པར་དམིགས་བསལ་གྱིས་དོ་སྣང་སྤྲོད་དགོས་པ་རེད། ཡང་རྒྱ་ནག་གི་སྣོད་བཅུད་རྟེན་འབྲེལ་དཔྱད་ཞིབ་པ་ཞིག་གིས། བོད་མཐོ་སྒང་གིས་འཛམ་གླིང་གི་ཤར་སྣེ་དང་བྱང་སྣེ་གཅིག་མཚུངས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། བོད་ནི་འཛམ་གླིང་གི་སྣེ་གསུམ་པ་རེད་ཅེས་འགྲེལ་བརྗོད་བྱས་སོང་། ཞེས་གསུངས་རྗེས་སློབ་མ་ཚོའི་དྲི་བར་བཀའ་ལན་གནང་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༡/༢༨

Leave a Reply