ཨ་རིའི་ལས་ཁུངས་ཁག་གི་སྒོ་ཕྱེས།

ཨ་རིའི་གཞུང་གིས་རྒྱལ་མཚམས་སུ་རྩིག་གྱང་སློང་བའི་གནད་དོན་ཕྱིར་འགྱངས་བྱས་ཏེ་གཞུང་གི་ལས་ཁུངས་རྣམས་སྒོ་ཕྱེས་ནས་ལས་བྱེད་འབུམ་ ༨ ཙམ་ཕྱིར་ལས་གནས་སུ་འབྱོར་ཡོད་འདུགཁ་སང་ཨ་རིའི་གཞུང་གི་ལས་ཁུངས་གསུམ་ཆ་གཅིག་ཙམ་དུས་ཡུན་ཉིན་གྲངས་ ༣༦ རིང་སྒོ་བརྒྱབས་ཡོད་པ་བསྐྱར་དུ་ཕྱེས་ཡོད་པ་དང་། ད་ལན་ནི་ཨ་རིའི་ལོ་རྒྱུས་ནང་གི་ལས་མཚམས་བཞག་ཡུན་རིང་ཤོས་ཤིག་ཆགས་ཡོད་འདུག གཞུང་གི་ལས་ཁུངས་མང་པོ་སྒོ་བརྒྱབས་ཏེ་ལས་བྱེད་ཧ་ཅང་མང་པོ་ཕོགས་མེད་ཆགས་པའི་དཀའ་ངལ་སེལ་ཆེད། དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་འཐུས་མི་ཐུན་མོང་ནས་ཨ་རིའི་རྒྱལ་མཚམས་སུ་རྩིག་གྱང་སློང་བའི་གནད་དོན་ཕྱིར.་འགྱངས་བྱས་ཏེ། གཞུང་གི་ལས་ཁུངས་ཁག་སྒོ་ཕྱེ་དགོས་པའི་ཁྲིམས་འཆར་བཏོན་པ་དེར་སྲིད་འཛིན་ཊོམ་ཕུ་ལགས་ནས་མོས་མཐུན་གྱི་མཚན་རྟགས་བསྐྱོན་ཡོད་འདུག ཡིན་ནའང་། མ་འོངས་བདུན་ཕྲག་ ༣ ནང་ཚུན་རྩིག་གྱང་སློང་བའི་གནད་དོན་ཐོག་གྲོས་འཆམ་མ་བྱུང་ཚེ་བསྐྱར་དུ་བརྒྱབ་ཉེན་ཡོད་འདུག

སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་འཐུས་མིའིི ་རེ་སྐུལ་དང་ལེན་གནང་རྗེས་གཏམ་བཤད་ཅིག་སྤེལ་ཡོད་པ་དང་། སྐབས་དེར་ཁོང་གིས་ཉིན་གྲངས་ ༣༦ རིང་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་བགྲོ་གླེང་དང་གྲོས་མོལ་བྱས་པ་བརྒྱུད། ཁོང་ཚོས་རྒྱལ་མཚམས་སྲུང་སྐྱོབ་ཟུར་དུ་འཇོག་གི་ཡོད་པ་ཤེས་བྱུང་བས། ཕྱི་ཟླ་ ༢ ཚེས་ ༡༥ བར་མེག་སི་ཁོའི་ས་མཚམས་སུ་རྩིག་གྱང་སློང་བར་དྲང་བདེན་གྱི་གྲོས་ཆོད་ཅིག་མ་བྱུང་ཚེ། གོང་ཚེས་ ༡༥ ཉིན་གཞུང་སྒོ་བསྐྱར་དུ་བརྒྱག་པའམ། ཡང་ན་ངས་ཨ་རིའི་བཅའ་ཁྲིམས་གཞིར་བཟུང་རང་ཉིད་ཀྱི་དབང་ཆ་བེད་སྤྱད་དེ་ཨ་རིར་རྒྱལ་མཚམས་བདེ་འཇགས་བརྟན་པོ་ཞིག་ཡོང་ཐབས་བྱ་རྒྱུ་ཡིན། ཞེས་ཉེན་བརྡ་བཏང་འདུག

ཨ་རིའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནན་སི་པོལ་སི་ལགས་ཀྱིས། ང་ཚོའི་བར་འགལ་ཟླ་བྱུང་ཡོད་ནའང་གཞུང་སྒོ་བརྒྱབས་གོས་པའི་གནས་སྟངས་ཤིག་རྩ་བ་ནས་མ་རེད། དམིགས་བསལ་ལས་མི་མང་པོ་ཞིག་ལ་གླ་ཕོག་མ་རག་པར་དུས་ཡུན་འདི་འདྲའི་རིང་པོ་ཕྱིན་པར་སེམས་པ་སྐྱོ་བོ་བྱུང་ཡང་།  དེ་རིང་བསྐྱར་དུ་ལས་ཁུངས་ཁག་སྒོ་ཕྱེ་ཐུབ་པར་དགའ་པོ་བྱུང་ལ། འབྱུང་འགྱུར་གྱི་བདུན་ཕྲག་གསུམ་ནང་ང་ཚོས་ཇི་ལྟར་མདུན་སྐྱོད་བྱེད་དགོས་མིན་བལྟ་ཆོག  ཅེས་གསུངས་ཡོད་པ་དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་གྲངས་ཉུང་མི་རིགས་ཀྱི་མགོ་འཁྲིད་ཆ་ཁུའོ་མར་(Chuck Schumer)ལགས་ཀྱིས། ཊོམ་ཕུ་ལགས་ཀྱིས་རྒྱལ་མཚམས་སྲུང་སྐྱོབ་དང་གཞུང་སྒོ་བརྒྱབས་པ་གཉིས་ལོགས་སུ་གྲོས་མོལ་བྱེད་པའི་འབོད་སྐུལ་དང་ལེན་གནང་སོང་བས། ངའི་རེ་བར་བརྒྱུད་རིམ་འདིའི་ཁྲོད་ཊོམ་ཕུ་ལགས་ལ་གོ་རྟོགས་ཤིག་ཐོབ་ཡོད་པར་ཤོག ཅེས་བརྗོད་འདུག

རོའུ་ཊར་གསར་ཁང་གི་ས་གནས་ཚུལ་ནང་། ད་ལན་ལས་མཚམས་བཞག་པའི་རྐྱེན་གྱིས་གྱོང་གུད་ཕོག་པའི་ལས་ཁུངས་ཁག་ནི་ཨ་རིའི་ནང་སྲིད་ལྷན་ཁང་(Department Of Defence)དང་། ནང་བཟོ་དང་གྲོང་ཁྱེར་འཛུགས་སྐྲུན་ཚན་པ(Housing And Urban Development)། ཚོང་ལས་སྡེ་ཚན་(Commerce Department)། སྐོར་སྲུང་ལས་ཁུངས(Office Of Personnel Management)། དེ་བཞིན། གཞུང་སྲིད་འབྲེལ་མཐུད་ལྷན་ཁང་(Federal Communications Commission)། མཚོ་མཐའ་སྐོར་སྲུང་སྡེ་ཁག(Coast Guard)། ཡིག་སྐྱེལ་ཚན་པ(Postal Service)། འགྲིམ་འགྲུལ་སྐྱེལ་འདྲེན་ཚན་པ་(Transportation)། ཛ་དྲག་དོ་དམ་ལྷན་ཁང་(FEMA)། དབུས་སྲིད་འཛིན་ལས་ཁུངས་(Executive Office Of The President)སོགས་གཞང་གི་ལས་ཁུངས་ཆེ་གྲས་ཁག་གི་ལས་མི་ཁྱོན་འབུམ་ ༨ ཙམ་གྱི་ཟླ་གཅིག་ལྷག་རིང་ཟླ་ཕོགས་མེད་པར་ལས་ཀ་བྱེད་དགོས་བྱུང་ཡོད་སྟབས། ལས་བྱེད་ཚོས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད། ཨ་རིའི་གྲོས་ཚོགས་རྩིས་ཞིབ་ཚན་པས་ད་ལན་གཞུང་སྒོ་བརྒྱབས་པའི་རྐྱེན་གྱིས་ཨ་རིའི་དཔལ་འབྱོར་ལ་ཨ་སྒོར་དུང་ཕྱུར་ ༡༡ ལྷག་གི་གྱོང་གུད་ཐེབས་ཡོད་སྐོར་སོགས་བརྗོད་འདུག་ལ། སྲིད་འཛིན་ཊོམ་ཕུ་ལགས་ནས་གཞུང་སྒོ་བརྒྱབས་པའི་སྐབས་སུ་ལས་ཀ་བྱེད་མཁན་ལས་མི་ཚོ་ནི་རྒྱལ་ཞེན་པ་རྐྱང་རྐྱང་ཡིན་པས། ཁོང་ཚོར་གུན་གསབ་འཐོབ་ངེས་རེད། ཅེས་གསུངས་འདུག

ད་ལན་ཨ་རིའི་ལས་ཁུངས་མང་པོ་སྒོ་བརྒྱབས་དགོས་བྱུང་བའི་རྒྱུ་རྐྱེན་ནི་སྲིད་འཛིན་ཊོམ་ཕུ་ལགས་ནས་ཁྱིམ་མཚེས་རྒྱལ་ཁབ་མེག་སི་ཁོའི་ས་མཚམས་སུ་ཨ་སྒོར་དུང་ཕྱུར་ ༥།༧ ཙམ་གྱི་འགྲོ་གྲོན་གཏང་སྟེ། རྩིག་གྱང་མཐོ་ཞིང་རིང་བ་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་པའི་གྲོས་གཞི་བཏོན་པ་དེར་དམངས་གཙོ་ཚོགས་པས་མོས་མཐུན་མ་གནང་བར་བརྟེན། ཊོམ་ཕུ་གཞུང་ནས་ངོ་རྒོལ་མཚོན་ཆེད་ལས་མཚམས་བཞག་ཡོད་པ་རེད། ཡིན་ནའང་། དམངས་གཙོ་ཚོགས་པའི་འཐུས་མི་རྣམས་གཙོ་བོར་གྱུར་བའི་གཞུང་འཛིན་ཚོགས་པའི་འཐུས་མི་མང་ཤོས་ཀྱིས་གཞུང་སྒོ་ཕྱེ་གལ་ཆེ་བའི་དགོངས་ཚུལ་བཏོན་པ་ལྟར། ཟླ་གཅིག་དང་ཉིན་ ༦ ཕྱིན་མཚམས་བསྐྱར་དུ་སྒོ་ཕྱེས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༡/༣༠

Leave a Reply