༢༠༡༨ ལོའི་རྒྱ་ནག་ནང་གི་གསར་འགོད་རང་དབང་ཇེ་སྡུག་ཏུ་ཕྱིན།

རྒྱ་ནག་ནང་དུ་ཡོད་པའི་རྒྱལ་ཕྱིའི་གསར་འགོད་པ་ ༡༠༩ ལ་སྒེར་གྱི་མཐོང་ཐོས་མྱོང་གསུམ་སྐོར་བཅར་འདྲི་བྱས་པ་བརྒྱུད་རྒྱ་ནག་གི་གསར་འགོད་རང་དབང་གི་གནས་སྟངས་འདས་ལོར་ཇེ་སྡུག་ཏུ་ཕྱིན་པའི་སྙན་ཐོ་བཏོན་འདུག
ཁ་སང་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་ནང་གི་རྒྱལ་ཕྱིའི་གསར་འགོད་པའི་ལྷན་ཚོགས་(Foreign Correspondents Club Of China) ཞེས་པ་དེས། ༼ལྟ་ཞིབ་དང་དོགས་ཟོན་འོག་གི་རྒྱ་ནག་ནང་གི་གསར་འགོད་གནས་བབ༽ཅེས་པའི་རྒྱ་ནག་ལོགས་ཀྱི་གསར་འགོད་རང་དབང་སྤྱི་དང་། ཕྱིའི་གསར་འགོད་པའི་རང་དབང་དང་གནས་བབ་སྐོར་ནས་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་མི་འཕྲུལ་གཉིས་ཀའི་ཐོག་ནས་ཕྱིའི་གསར་འགོད་པར་གསང་བའི་ཐོག་ནས་མྱུལ་ཞིབ་བྱེད་ཀྱི་ཡོད་པ་མ་ཟད། ཤིན་ཅང་གཙོས་པའི་རྒྱ་ནག་གི་ས་ཁུལ་འགའ་ཤས་ནང་གསར་འགོད་པའི་འགྲོ་སྐྱོད་ལ་དམ་དྲག་དང་། གསར་འགོད་པའི་ལས་རིགས་ནང་ཐད་ཀར་ཐེ་བྱུས་ཤུགས་ཆེན་བྱེད་ཀྱི་ཡོད་པ། དེ་བཞིན་ཕྱིའི་གསར་འགོད་པར་ཐོངས་མཆན་སྤྲོད་ཕྱོགས་སོགས་ཀྱི་ཐད་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་བཞིན་ཡོད་པ་སོགས་འདས་ལོའི་རྒྱ་ནག་ནང་གི་གསར་འགོད་རང་དབང་གི་གནས་བབ་ཇེ་སྡུག་ཏུ་སོང་ཡོད་པར་ངོས་འཛིན་བྱས་འདུག

རྒྱ་ནག་ནང་གི་རྒྱལ་ཕྱིའི་གསར་འགོད་པའི་ལྷན་ཚོགས་ཀྱི་འགན་འཛིན་ཧཱ་ནཱ་སེལ་བྷག་(Hanna Sahlberg) གིས། རྒྱ་ནག་ནང་ཡོད་པའི་ཕྱིའི་གསར་འགོད་པ་དག་གིས་ ༢༠༡༨ ལོར་མྱངས་བའི་དཀའ་སྡུག་ལ་བལྟས་ན། རྒྱ་ནག་གཞུང་གིས་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་རིགས་དེ་དག་ཆེས་རྙོག་འཛིང་ཅན་ཞིག་ཏུ་སྒྱུར་བཞིན་ཡོད་པ་དེ་རེད། གསར་འགྱུར་གྱི་ཡོང་ཁུངས་ལ་ལྟ་ཞིབ་དང་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་དེས་གསར་འགོད་པ་རྣམས་ཡུལ་དངོས་སུ་མ་སླེབས་གོང་ལ་བཀག་འགོག་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཡང་སྙན་ཐོ་དེའི་སྐོར་ལ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་དཔལ་འབྱོར་དུས་བབ་(Financial Times) ཀྱི་རྒྱ་ནག་ཏུ་ཡོད་པའི་སྐུ་ཚབ་ཊོམ་མི་ཆལ་(Tom Mitchel) གྱིས། རྒྱ་ནག་ནང་གི་གསར་འགོད་པའི་ཁོར་ཡུག་དེ་མུ་མཐུད་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་། ང་ཚོར་འབྲེལ་ཡོད་རྒྱ་ནག་གི་མི་སེར་དང་ཞིབ་འཇུག་པ་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་བློ་འཚབ་སྐྱེ་ཡི་འདུག ཅེས་དང་། ངས་ཕྱི་ལོ་ ༢༠༠༠ ནས་བཟུང་རྒྱ་ནག་དང་ཧོང་ཀོང་ནང་གསར་འགྱུར་ལས་རིགས་གཉེར་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༨ ལོའི་གསར་འགོད་རང་དབང་གི་གནས་བབ་དེ་སྡུག་ཤོས་རེད། ཅེས་བརྗོད་འདུག

འདས་ལོའི་ཞིབ་འཇུག་གི་གྲུབ་དོན་ལྟར་ན། རྒྱ་ནག་གཞུང་གིས་ཕྱིའི་གསར་འགོད་པར་དོ་དམ་སྟངས་འཛིན་ཡོང་ཆེད་གསང་མྱུལ་བ་དང་འཕྲུལ་ཆས་བརྒྱུད་ནས་གསར་འགོད་པའི་ལས་ཁུངས་དང་། སྒེར་གྱི་སྡོད་ཤག དེ་བཞིན་སྒེར་གྱི་ལག་ཐོག་ཁ་པར་དང་གློག་ཀླད། ངོ་དེབ་དང་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་རྒྱ་ཁག་ལ་གསང་འཛུལ་བྱས་པའི་གནས་ཚུལ་མང་པོ་ཐོན་ཡོད་འདུག དེ་ཡང་ཨ་རིའི་ཝོལ་སི་ཏྲིཌ་གསར་ཁང་གི་གསར་འགོད་པ་ཇོ་ཤི་ཁྲིན་(Josh Chin, Wall Street Journal) གྱིས། ཆབ་སྲིད་རྙོག་དྲའི་སྐོར་ནས་སྐད་ཆ་བཤད་དུས་ཁ་པར་བསྟུད་མར་ཆད་འགྲོ་བ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་ནང་གསར་འགོད་རང་དབང་ཡོད་སྐོར་གྱི་དྲིལ་བསྒྲགས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། ཁྱོན་ཡོངས་ནས་བལྟས་ན་འདས་ལོའི་རྒྱ་ནག་གི་གསར་འགོད་རང་དབང་གི་གནས་བབ་དེ་སྔར་བས་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་བརྗོད་འདུག

ཡང་སྙན་ཐོ་ལྟར་ན། རྒྱ་ནག་ནང་གི་ཕྱིའི་གསར་འགོད་པ་ ༡༠༩ ཁྲོད་ནས་བརྒྱ་ཆ་ ༥༥  ཡིས་རྒྱ་ནག་གི་གསར་འགོད་རང་དབང་གི་གནས་བབ་ཇེ་སྡུག་ཏུ་ཕྱིན་ཡོད་པར་ངོས་འཛིན་བྱས་ཡོད་པ་དང་། ཡང་གསར་འགོད་པའི་བརྒྱ་ཆ་ ༩༡ གིས་རང་གི་ལག་ཐོག་ཁ་པར་གྱི་བདེ་འཇགས་ཐད་དོགས་པ་ཡོད་པ། དེ་བཞིན་བརྒྱ་ཆ་ ༦༦ གིས་རང་གི་ཁྱིམ་དང་ལས་ཁུངས་ནང་དོགས་ཟོན་བྱེད་ཀྱི་ཡོད་པ། བརྒྱ་ཆ་ ༤༨ ཀྱིས་ཁོ་ཚོར་གཞུང་གི་ཆེད་བསྐོས་མྱུལ་མ་དག་གིས་རྗེས་འདེད་གཏོང་གི་ཡོད་པ་དང་། མགྲོན་ཁང་གི་ཉལ་ཁང་ནང་ཆོག་མཆན་མེད་པར་མི་འདྲ་མིན་འཛུལ་ཡོད་འདུག ཡང་ གསར་འགོད་པ་བརྒྱ་ཆ་ ༣༧ གྱིས་ཁོ་ཚོའི་ལས་རོགས་རྣམས་ལ་གཞུང་གིས་གནོན་ཤུགས་དང་འཇིགས་སྐུལ་བྱས་ཡོད་སྐོར་དང་། ཡང་གསར་འགོད་པའི་བརྒྱ་ཆ་ ༣༤ ཡིས་ཁོ་ཚོར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དག་་ལ་འཇུ་བཟུང་མནར་གཅོད་བཏང་ཡོད་སྐོར་བརྗོད་འདུག

གཞན་ཡང་། རྒྱལ་ཕྱིའི་གསར་འགོད་པ་ ༢༧ ནང་གི་ ༢༤ ཡིས་ཤིན་ཅང་ཁུལ་དུ་གསར་འགྱུར་ལེན་དུ་ཕྱིན་སྐབས་གཞུང་གིས་ཐེ་བྱུས་བྱས་ཡོད་པ་དང་། དུས་རྒྱུན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་མ་ཡིན་པའི་རྒྱ་ནག་གི་ས་ཁུལ་གང་ནས་ཡིན་ནའང་གསར་འགྱུར་དང་གནས་ཚུལ་མཁོ་སྒྲུབ་བྱེད་ཆོག་ཅེས་བརྗོད་ན་ཡང་། ཤིན་ཅང་ཁུལ་དུ་གནས་ཚུལ་ལེན་དུ་སྐྱོད་སྐབས་གཞུང་གིས་ཐེ་བྱུས་དང་སྟངས་འཛིན་བྱས་ཡོད་སྐོར་བརྗོད་འདུག

གསར་འགོད་པ་ཞིག་གིས་ཁོ་ཚོ་ལས་རོགས་དང་མཉམ་དུ་ཤིན་ཅང་ལ་སྐྱོད་སྐབས། རླངས་འཁོར་ཞིག་གིས་ཁོ་ཚོར་རྗེས་འདེད་བཏང་ཡོང་བ་དང་། ཡུལ་དངོས་ལ་འབྱོར་དུས་ལྭ་བ་དཀྱུས་མ་གྱོན་པའི་ཉེན་རྟོག་པ་སྐོར་ཞིག་གིས་ཁོང་ཚོ་བཀག་སྟེ་པར་དང་བརྙན་ལེན་མི་ཆོག་སྐོར་བརྗོད་པ་མ་ཟད། བླངས་ཟིན་པའི་བརྙན་པར་རྣམས་ལ་བལྟས་ནས་ཉེན་ཁར་མཐོང་བ་རྣམས་ནག་བསུབ་བཏང་ཡོད་སྐོར་བརྗོད་འདུག

ད་ཐེངས་ཀྱི་སྙན་ཐོའི་ནང་འདས་ལོར་ཕྱིའི་གསར་འགོད་པ་མང་པོར་རྒྱ་ནག་ནང་ཐོངས་མཆན་དུས་འགྱངས་དང་བསྐྱར་ཞུ་སོགས་ཀྱི་ཐད་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པའི་སྐོར་ལ། རྒྱ་ནག་ནང་གི་བྷ་ཛི་ཧྥི་ཌི་གསར་ཁང་གི་སྤྱི་ཁྱབ་མེ་གྷ་ར་ཇ་གྷོ་པ་ལཱན་(Megha Rajagopalan, BuzzFeed News) ཀྱིས། ཤིན་ཅང་ཁུལ་དུ་རྒྱ་ནག་གཞུང་གིས་ཡུ་གུར་བ་རྣམས་ལ་ཆབ་སྲིད་སློབ་གསོ་སྤྲོད་ཀྱི་ཡོད་སྐོར་གནས་ཚུལ་སྤེལ་བའི་རྐྱེན་གྱིས། དེ་མ་ཐག་ཁོང་རྒྱ་ནག་ནས་ཕྱིར་འཕུད་བཏང་ཡོད་པ་རེད།

སྤྱིར་ན་རྒྱ་ནག་གི་ཕྱིའི་གསར་འགོད་པའི་ཐོངས་མཆན་དེ་ལོ་ ༡ གི་དུས་ཡུན་ཡིན་ཡང་། ཨེ་བྷི་སི་གསར་ཁང་གི་གསར་འགོད་པ་མེ་ཐེའུ་ཁར་ནེ་(Mathew Carney, ABC) ཡིས་ཡུ་གུར་སྐོར་གྱི་གནས་ཚུལ་སྤེལ་བར་བརྟེན། ཁོར་ཟླ་གཉིས་དང་ཕྱེད་ཀའི་ཐོངས་མཆན་སྤྲད་དེ་དུས་འགྱངས་ཞུ་རྒྱུ་མེད་པ་བཟོས་པ་སོགས་ཕྱིའི་གསར་འགོད་པ་ ༦ ལ་ལས་དོན་གྱི་རྐྱེན་གྱིས་ཐོངས་མཆན་ཐོག་དཀའ་ངལ་སྤྲད་ཡོད་པ་དང་། གསར་འགོད་པ་ཁག་ཅིག་ལ་ཐོངས་མཆན་དུས་ཐོག་མ་སྤྲད་པར་ཕྱིར་འགྱངས་བྱས་པའི་གནས་ཚུལ་བྱུང་ཡོད་འདུག

ཡང་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་རྒྱ་ནག་ཕྱི་ནང་གཉིས་ནང་ཡོད་པའི་རྒྱ་ནག་གི་མི་སེར་རྣམས་ལ་སོ་མྱུལ་དང་ལྟ་ཞིབ་བྱས་པ་བརྒྱུད། ཁོ་ཚོས་ཕྱི་ལ་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུར་བཀག་འགོད་དང་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ཁོ་ཚོར་འབོད་འགུག་འདྲི་རྩད་བྱས་ཏེ་འགའ་ཤས་འཇུ་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་ཕྱིའི་གསར་ཁང་ནང་བྱ་བ་སྒྲུབ་བཞིན་པའི་རྒྱ་ནག་གི་མི་སེར་རྣམས་ལ་གནོན་ཤུགས་སྤྲོད་རྒྱུ་ཇེ་ཆེར་སོང་ཡོད་པའི་གནས་ཚུལ་བཀོད་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་རྒྱ་ནག་ནང་གི་རྒྱལ་ཕྱིའི་གསར་འགོད་པའི་ལྷན་ཚོགས་ནང་རྒྱལ་ཁབ་ ༤༠ ཡི་གསར་འགོད་པ་དང་། འཐུས་ཚབ། བརྒྱུད་ལམ་ཆེད་མཁས་པ། རྩོམ་པ་པོ་སོགས་ཡོད་པ་དང་། ལྷན་ཚོགས་དེས་ལོ་ལྟར་རྒྱ་ནག་ནང་གི་གསར་འགོད་རང་དབང་སྐོར་གྱི་ཞིབ་འཇུག་སྙན་ཐོ་འདོན་གྱི་ཡོད་པ་དང་། ཐེངས་འདིའི་སྙན་ཐོ་དེ་ལྷན་ཚོགས་དེས་འདས་ལོའི་ཕྱི་ཟླ་ ༡༢ ནང་ཚོགས་ཁོངས་གསར་འགོད་པ་ ༢༠༤ ཁྲོད་ནས་ ༡༠༩ ལ་བཅར་འདྲི་བྱས་པ་བརྒྱུད། འདས་པའི་ལོ་གཅིག་ནང་གི་གསར་འགོད་པ་སྒེར་སོ་སོའི་མྱོང་བ་དང་དངོས་ཡོད་གནས་ཚུལ་རྣམས་ལ་གཞིར་བཞག་གིས་བཏོན་པ་ཞིག་ཡིན་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters without border)ཀྱིས་ཕྱི་ལོ་ ༢༠༡༨ ལོའི་འཛམ་གླིང་གི་རྒྱལ་ཁབ་དག་གི་གསར་འགོད་རང་དབང་གི་གནས་བབ་སྐོར་གྱི་ཐོ་གཞུང་ཞིག་བཏོན་པའི་ནང་། རྒྱ་ནག་ནི་རྒྱལ་ཁབ་ ༡༨༠ ནང་གི་གསར་འགོད་རང་དབང་གི་གནས་སྟངས་སྡུག་ཤོས་ཏེ་ཨང་རིམ་ ༡༧༦ ཡིན་འདུག་པ་དང་། དུས་རྒྱུན་ལྟར་ནོར་ཝེ་དང་སེ་ཝེ་ཌན་དག་ནི་གསར་འགོད་རང་དབང་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༡/༣༠

Leave a Reply