དགེ་བཤེས་མར་སྔགས་ཀྱི་ཕྱག་འཁྱེར་གནང་།

གསང་སྔགས་ཀྱི་གཞུང་ལ་ཟུར་སྦྱོང་གནང་པའི་དགེ་བཤེས་མ་གྲངས་ ༢༡ ལ་སྔགས་ཀྱི་རྒྱུགས་སྤྲོད་ཐེངས་དང་པོ་ཐོན་པའི་ཕྱག་འཁྱེར་གནང་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག བཞུགས་སྒར་དྷ་སའི་ཉེ་འགྲམ་གྱི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ར་ཆེ་གཉིས་པའི་གཙུག་ལག་ཁང་དུ། གསང་སྔགས་ཀྱི་གཞུང་ལ་ཟུར་སྦྱོང་གནང་པའི་དགེ་བཤེས་མ་གྲངས་ ༢༡ ལ་སྔགས་ཀྱི་རྒྱུགས་སྤྲོད་ཐེངས་དང་པོ་ཐོན་པའི་ཕྱག་འཁྱེར་འབུལ་བའི་མཛད་སྒོ་ཞིག་ཚོགས་སོང་ལ། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་བཙུན་མའི་ལས་འཆར་ཚོགས་པའི་དམིགས་བསལ་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། དེ་བཞིན་སྟོད་རྒྱུད་གྲྭ་ཚང་གི་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་དང་། དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོ་དགའ་ལྡན་ཆོས་གླིང་གི་མཁན་རིན་པོ་ཆེ་དགེ་ལེགས་བསམ་གྲུབ་ལགས། སྟོད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་དང་དད་ལྡན་མི་མང་ཁག་ཅིག་བཅས་འཛོམས་འདུག

མཛད་སྒོའི་ཐོག་རྒྱུད་སྟོད་ཕྱག་མཛོད་ནས་ལས་རིམ་ངོ་སྤྲོད་གནང་སྐབས། དེ་སྔ་བོད་དུ་བཙུན་མའི་དགོན་སྡེ་ཉུང་བ་དང་ཡོད་པ་ཚོའང་སྒྲུབ་གྲྭ་ཙམ་ལས་མེད་ཀྱང་། ཕྱིས་སུ་ཐབས་སྡུག་པའི་བཙན་བྱོལ་གྱི་གནས་བབ་སྐབས་སུ་༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་བཙུན་མ་རྣམ་ལ་གཞུང་སློབ་གཉེར་བྱེད་པའི་གོ་སྐབས་བསྐྲུན་ཡོད་ལ། བོད་མིའི་སྒྲིག་འཛུགས་དང་ལྷག་པར་དུ་ཆོས་རིག་ལས་ཁུངས། དེ་བཞིན་བཙུན་མའི་ལས་འཆར་ལྷན་ཚོགས་སོགས་ནས་འབད་བརྩོན་དང་དགེ་བཤེས་མ་སྒེར་ནས་རང་འགན་རང་འཁུར་གྱིས་དགེ་བཤེས་མ་ཐོན་པ་དང་། མུ་མཐུད་ནས་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་པའི་གོ་སྐབས་བཟང་པོ་ཐོབ་ཡོད་པ་དང་། ལག་འཁྱེར་ནི་དེ་ཙམ་གལ་ཆེན་པོ་མ་ཡིན་པར་སངས་རྒྱས་ཀྱི་བསྟན་པ་དེ་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ་བྱེད་དགོས་པར་གལ་ཆེན་ཡིན་ནའང་། ལག་འཁྱེར་དགོས་གལ་གསུངས་པས་རྒྱུད་སྟོད་གྲྭ་ཚང་ནས་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྔ་རྗེས་བར་གསུམ་དུ་ལམ་སྟོན་ཞུས་ཐོག དགའ་བཞིན་སྤྲོ་བཞིན་སྔགས་ཀྱི་ལག་འཁྱེར་དེ་སྤྲོད་ཀྱི་ཡོད། ཅེས་སོགས་གསུངས་རྗེས། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་བསྐོས་ལགས་ནས་དགེ་བཤེས་མའི་རྒྱུགས་འབྲས་ལྗགས་ཀློག་གནང་པ་དང་སྦྲགས། ཆོས་རིག་བཀའ་བློན་མཆོག་ནས་དགེ་བཤེས་མ་ ༢༡ ལ་ཕྱག་འཁྱེར་དང་ལེགས་སྐྱེས་གནང་སོང་།

བོད་ཀྱི་བཙུན་མའི་ལས་འཆར་ཚོགས་པའི་དམིགས་བསལ་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས། བཙུན་མ་རྣམ་པས་དཀའ་ལས་བསྐྱོན་ཡོད་པ་དང་རྒྱག་རིན་ཆོག་པ་ཞིག་ཀྱང་རེད། ད་ལྟ་དྲི་བ་ཆེན་པོ་ཞིག་ནི་ང་ལ་སློབ་སྦྱོང་འདི་འདྲ་ཞིག་ཐོབ་ཡོད་པས་ག་རེ་བྱ་དགོས་མིན་དང་། སློབ་སྦྱོང་དེ་ང་རང་གཅིག་པོའམ་བོད་དོན་ལ་ཕན་ཐོགས་པ་ཞིག་བྱ་རྒྱུ། བོད་མི་ས་ཡ་དྲུག་དང་ཡང་ན་འགྲོ་བ་རིགས་དྲུག་ལ་ཕན་པ་ཞིག་བྱ་རྒྱུ་ཡིན་པ་དེར་རྣམ་པ་ཚོས་དགོངས་པ་བཞེས་ནས་མ་གནང་པ་ཡིན་ན་སློབ་སྦྱོང་དེ་ཙམ་གནང་ཡང་ཧ་ལས་ཡ་དེ་ཙམ་མེད་པ་ཞིག་ཆགས་སྲིད་པ་རེད། དེ་བཞིན་དེ་རིང་འདིར་བོད་རིགས་གཅིག་པོ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བཙུན་མ་མང་པོ་ཡང་ཡོད་པ་རེད་ལ། བཙུན་དགོན་ཁག་ནང་ཕྱི་རྒྱལ་ནས་སློབ་གཉེར་གནང་མཁན་དེ་འདྲའང་ཡོང་གི་འདུག དེ་ནི་སངས་རྒྱས་བསྟན་པའི་ཞབས་འདེགས་རེད་བསམ་ནས་དགེན་རྣམ་པས་ཀྱང་ཤུགས་སྐྱོན་གྱི་ཡོད་པ་རེད་ལ་མུ་མཐུད་བསྐྱོན་རོགས། ངས་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་བཙུན་མ་རྣམ་ཚགས་ཚུད་པོར་བརྩི་ཡི་ཡོད། གང་ཡིན་ཟེར་ན་ཁྱེད་རང་ཚོར་ལུང་པ་ཡོད་པ་དང་ང་ཚོར་ལུང་པ་ཡོད་པ་མ་རེད། སློབ་གཉེར་ཡག་པོ་གནང་སྟེ་སོ་སོའི་ལུང་པར་སངས་རྒྱས་བསྟན་པའི་གཞི་གདན་རེ་བཙུག་ཐུབ་པ་བྱུང་ཚེ། དེ་ནི་མི་རབས་ནས་མི་རབས་བར་འདུག་པ་ཞིག་བཟོ་གནང་ཐུབ་ཀྱི་རེད། དེ་བས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བཙུན་མ་ཚོར་དམིགས་བསལ་གྱི་འགན་དེ་འབུལ་བར་འདོད་སོང་། ཅེས་གསུངས་སོང་།

མཛད་སྒོའི་ཐོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་༧སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་མཆོག་གིས། བཙུན་མ་རྣམས་ཀྱིས་ལོ་མང་པོའི་རིང་སྐུ་ལས་བསྐྱོན་ནས་དེ་རིང་འདིར་དགེ་བཤེས་མའི་ཕྱག་འཁྱེར་བཞེས་པ་དེ་༧གོང་ས་མཆོག་གི་བཀའ་དགོངས་གྲུབ་པ་ཞིག་ཡིན་སྐོར་དང་། ཁ་སང་དགེ་བཤེས་མ་རྣམས་ཀྱིས་མཚན་ཉིད་རྩོད་སྐབས། གཞུང་གི་གོ་བ་དང་ཐོས་རྒྱ་སོགས་གང་ཅིའི་ཐོག་ནས་ཚད་ལྡན་བྱུང་སོང་བས། སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ་ཡི་ཡོད་སྐོར་དང་། དེ་བཞིན་དགེ་བཤེས་མ་རྣམས་ཀྱིས་དུས་རྒྱུན་དུ་གནའ་དེང་ཐབས་ལམ་བརྒྱུད་ནས་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྟག་ཏུ་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་རེད་གསུང་གི་ཡོད་པ་དང་། དགོངས་པ་དེ་ཚོར་རྩད་བཅད་ནས་དུས་རབས་འདིའི་ཐོག་ལ་བསྟན་པའི་ཞབས་འདེགས་གང་འདྲ་བྱས་ནས་སྒྲུབ་དགོས་ཡོད་པར་བསམ་བློ་བཏང་ནས་བསྟན་པ་ལ་བྱ་བ་གནང་དང་གནང་རྒྱུ་དེ་ཞེ་བོ་གལ་ཆེན་པོ་ཡིན་སྐོར་དང་། ད་ལྟ་བར་དུ་སློབ་གཉེར་བྱས་ཟིན་ནའང་། སླར་ཡང་གཞུང་ཆེན་ཁག་ལ་དེང་རབས་དང་མཐུན་པའི་ཉམས་ཞིབ་གནང་སྟེ་འཆད་ཉན་དང་སློབ་སྟོན་བྱེད་རྒྱུ་གལ་ཆེན་ཡིན་པས་སྲོལ་རྒྱུན་གཅིག་པོས་མི་འདང་བ་དང་། དེ་བཞིན་བོད་གངས་ཅན་གྱི་ཆོས་བརྒྱུད་ཁག་གི་བཞེད་སྲོལ་དྲི་མ་མེད་པ་དེ་ཚོར་ཞིབ་བསྡུར་བྱ་གལ་ཆེ་སྐོར་གསུངས་སོང་།

ཡང་ཁོང་གིས། ང་ཚོ་བཙན་བྱོལ་ལ་བསླེབས་ནས་མི་ལོ་ཧྲིལ་བོ་ ༦༠ འཁོར་གྱི་ཡོད་པ་དང་། བཙན་བྱོལ་ལ་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་ལ་དར་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འཛིན་རྒྱུ་དེ་ཡིན་པ་རེད། འདས་པའི་ལོ་རྒྱུས་ལཕྱིར་མིག་ཅིག་བལྟས་ན། འབྲེལ་ཡོད་ཚང་མས་ཐུགས་འཁུར་ཆེ་བཞེས་ཀྱིས་ཧ་ལས་པའི་གྲུབ་འབྲས་སྨིན་ཡོད་པ་རེད་ལ།  རིམ་པས་ཕྱིའི་མཐུན་རྐྱེན་དེ་ཚོའང་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགྱེས་པའི་མཆོད་པ་ཆགས་ཡོད་པ་རེད་དེ། ཧོབ་དེ་ནང་གི་བསྟན་པ་འཛིན་མཁན་གྱི་གྲྭ་རྒྱུན་ཉུང་ཉུང་ཞིག་ཆགས་ཏེ། གདན་ས་ཆེ་ཁག་ལ་དཀའ་ངལ་དེ་ཙམ་མི་འདུག་སྟེ། ཆུང་ཁག་ལ་གྲྭ་རྒྱུན་མེད་པའི་དཀའ་ངལ་ཆེན་པོ་འཕྲད་འདུག བཙན་བྱོལ་ལ་འབྱོར་ནས་ལོ་དེ་ཙམ་རིང་དཀའ་ལས་བརྒྱབས་པ་དེར་ཁ་སྐོང་ལྟ་བུའི་མཐུད་ཞིག་རྒྱག་མ་ཐུབ་ཚེ། གྲུབ་འབྲས་ཆེན་པོ་དེ་ཕྱོགས་གང་དུ་འགྲོ་ཡི་ཡོད་པ་མ་ངེས་པ་ལྟ་བུ་ཆགས་ཡོད་པས་དུས་དང་མཐུན་པའི་མ་ཉམས་རྒྱུན་འཛིན་བྱེད་པའི་དགོངས་པ་བཞེས་རྒྱུ་དེ་གལ་ཆེན་རེད་འདུག རྒྱུ་མཚན་མང་པོ་ཞིག་གི་རྐྱེན་གྱིས་ཡོང་གི་ཡོད་པ་རེད། གཙོ་བོ་ཞིག་ནི་བཙན་བྱོལ་ནང་དུ་ཕྲུ་གུ་སྐྱེས་ཚད་ཉུང་དུ་ཕྱིན་རྐྱེན་ཡིན་པ་དང་། ཕྲུ་གུ་སྐྱེས་པ་དེ་ཚོའང་སློབ་གྲྭར་གཏོང་གི་ཡོད་པས་ཆོས་སྒོར་ཞུགས་མཁན་ཉུང་དུ་འགྲོ་བཞིན་པ་ཁོར་ཡུག་གི་རྐྱེན་ཞིག་རེད། དེ་བཞིན་ཕྱི་ལོ་ ༢༠༠༨ ཡས་མས་ནས་བོད་ནས་ཡོང་མཁན་བཀག་པ་དང་། ཧི་མ་ལ་ཡིའི་རི་རྒྱུད་ནས་ཡོང་མཁན་ཀྱང་ཉུང་དུ་ཕྱིན་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན། ད་ལྟའི་ཆར་ཧི་མ་ལ་ཡིའི་རི་རྒྱུད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གཅིག་པ་ཡིན་པའི་གྲྭ་རྒྱུན་ཚོ་མང་ཤོས་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ལོའི་གྲོས་ཚོགས་སྐབས་བཙན་བྱོལ་ནང་གི་ཆོས་བརྒྱུད་ཚང་མའི་དགོན་ཐོའི་གྲྭ་རྒྱུན་ཁྱོན་ཡོངས་ཀྱི་བརྒྱ་ཆའི་ ༦༧ ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་རྒྱུན་ཆགས་འདུག དེ་བཞིན་སོག་པོ་དང་ཕྱི་རྒྱལ་གྱི་གྲྭ་རྒྱུན་ཕུད་བོད་རང་གི་གྲྭ་རྒྱུན་ནི་བརྒྱ་ཆའི་ ༢༢ ཙམ་རེད་འདུག ཅེས་སོགས་གསུངས་བྱུང་།

དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོ་དགའ་ལྡན་ཆོས་གླིང་གི་མཁན་རིན་པོ་ཆེ་དགེ་ལེགས་བསམ་འགྲུབ་ལགས་ཀྱིས། ཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་བཤེས་མ་ཚོར་མཇལ་ཁ་གནང་ཡོད་པ་དེ་ནི་རྩ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་ཐོག་མར་བཙུན་མ་ཚོས་སློབ་གཉེར་བྱ་དགོས་པའི་སྐུལ་མ་གནང་སྟེ་སྐད་མང་པོ་བསྐྱོན་ཡོད་པས། ད་ཆ་གྲུབ་འབྲས་གང་འཚམ་ཐོན་ཡོང་གི་ཡོད་པ་དང་། མུ་མཐུད་གཞུང་ལུགས་ལ་སློབ་གཉེར་བྱ་དགོས་སྐོར་གྱི་བཀའ་སློབ་རྩ་ཆེན་གནང་སྐོར་དང་། སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་པ་དང་སྐད་ཡིག་བརླག་ཚེ་མི་རིགས་གང་དེ་མེད་པ་ཆགས་འགྲོའི་བཤད་རྒྱུན་ཡོད་པ་བཞིན། དེ་བཞིན་སངས་རྒྱས་ཀྱི་བསྟན་པའི་གཞུང་ལུགས་ཕལ་ཆེར་ཆ་ཚང་བ་ཞིག་བོད་ཡིག་ནང་ཡོད་པས། ནང་བསྟན་གྱི་བླ་སྲོག་ཡང་རེད་ཅེས་ཀྱང་བཤད་ཆོག་སྐོར་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༢/༠༡

Leave a Reply

One thought on “དགེ་བཤེས་མར་སྔགས་ཀྱི་ཕྱག་འཁྱེར་གནང་།

  1. བོད་ནང་གི་དགེ་བཤེས་རྣམས་ནི་ཀྲུང་གོས་རྒྱལ་གླུ་དང་ ཏང་གི་སྒྲིག་ཡིག་ སོགས་སློབ་སྦྱོང་བྱས་ཕྱུགས་བཞིན་ཡོད་།
    སེར་རྟ་དང་གཡག་ཆེན་དགོན་ལ་ཡོད་པའི་གྲ་བཙུན་རྣམས་ཡང་ཕ་ཡུལ་ལ་ཕྱེར་ལོགས་བྱས་ཡོད་།