སོག་པོའི་གྲོས་ཚོགས་ཀྱི་ཚོགས་གཙོ་གནས་དབྱུང་བཏང་།

སོག་པོའི་གཞུང་འཛིན་སྲིད་དོན་ཚོགས་པར་ནང་འགལ་བྱུང་སྟེ་སྲིད་འཛིན་དང་སྲིད་བློན། གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱིས་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་ཉེས་འཛུགས་འོག་གྲོས་ཚོགས་ཀྱི་ཚོགས་གཙོ་གནས་དབྱུང་གཏོང་རྒྱུ་མང་མོས་ཐག་གཅོད་བྱུང་།ཨེལ་ཇི་ཛེ་ར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཟླ་ ༢ ལྷག་ཙམ་རིང་སོག་པོའི་ནང་ལྐོག་ཟ་རུལ་སུངས་ཀྱི་ཆབ་སྲིད་རྩོད་རྙོག་ཆེན་པོ་བྱུང་བའི་ཁྲོད། སོག་པོའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མི་ཡོ་གྷོམ་བྷན་ཨིན་ཁུ་བྷོ་ཌི་(Miyegombo enkhbold )ཡིས། ཕྱི་ལོ་ ༢༠༡༦ ལོའི་སྔ་གཞུག་ཏུ་དངུལ་འབོར་ཆེན་ལྐོག་སུངས་བྱས་པའི་ནག་ཉེས་བཙུགས་ཡོད་པ་ལྟར། ཁ་སང་སོག་པོའི་གྲོས་ཚོགས་སུ་འཐུས་མི་ཁྱོན་ ༦༥ ནས་འོས་ཤོག་འཕངས་བ་བརྒྱུད་འཐུས་མི་ ༤༣ གྱི་རྒྱབ་སྐྱོར་ཐོབ་སྟེ་ཚོགས་གཙོ་གནས་དབྱུང་གཏོང་རྒྱུ་ཐག་གཅོད་བྱུང་ཡོད་འདུག

སོག་པོའི་ལྐོག་ཟ་རུལ་སུངས་ཀྱི་རྩོད་རྙོག་ཁྲོད་སྲིད་འཛིན་དང་སྲིད་བློན། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་གཙོ་བོར་གྱུར་བའི་གྲོས་ཚོགས་འཐུས་མི་ཁྱོན་ ༡༤ ཙམ་གྱིས། དབང་ཆ་ལོག་སྤྱོད་ཀྱིས་གཞུང་ནས་ཁེ་ལས་པ་ཚོར་རབ་འབྲིང་མཐའ་གསུམ་གྱི་ཚོང་ལས་གཉེར་བར་རོགས་སྐྱོར་བྱེད་བཞིན་ཡོད་པའི་མ་དངུལ་རྣམས་སོ་སོའི་ནང་མི་གཉེན་ཉེ་དང་གྲོགས་པོ་སོགས་ལ་ཁ་སྒྱུར་གྱིས་ཁྱོན་ཨ་སྒོར་ས་ཡ་ ༡ ལྷག་ལྐོག་ཟ་རུལ་སུངས་བྱས་པའི་ནག་ཉེས་འཛུགས་རེས་བྱེད་ཀྱི་ཡོད་པ་དང་།  སོག་པོའི་ལྐོག་ཟ་རུལ་སུངས་ཚར་གཅོད་ལས་འགུལ་ཁང་གིས། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་བཞིན་པའི་སྐབས་འདིར་ད་ལྟའི་གཞུང་འཛིན་སྲིད་དོན་ཚོགས་པ་སྟེ། སོག་པོའི་གྲོས་ཚོགས་ཀྱི་བརྒྱ་ཆ་ ༨༥ ཟིན་ཡོད་པའི་སོག་པོ་མི་མང་སྲིད་དོན་ཚོགས་པ་ཕྱོགས་ཁག་གཉིས་སུ་གྱེས་ཡོད་འདུག

སོག་པོའི་སྲིད་བློན་ཨོག་ན་གྷིན་ཁོ་རོལ་སོ་ཁི་(Ukhnaagiin Khurelsukh)ཡིས། ཁེ་ལས་པའི་ཆེད་མ་དངུལ་བཏང་བའི་རྙོག་ཟིང་ངེས་པར་དུ་གཙང་བཟོ་བྱས་ཏེ་དངུལ་ཕྱིར་སློག་གིས་མི་མང་ལ་དགོངས་སེལ་ཞུ་དགོས་ཞེས་བརྗོད་ཡོད་པ་དང་། དེ་སྔོན་གཞུང་འཛིན་ཚོགས་པ་དང་ཁ་གཏད་སྲིད་དོན་ཚོགས་པའི་འཐུས་མི་ཁག་ཅིག་གི་གཙོས་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ནས་སྲིད་བློན་གྱིས་ཉེས་འཛུགས་བྱས་པར་དཔང་རྟགས་དགོས་སྐོར་དང་། ཁོ་རོ་སོ་ཁི་ལགས་སྲིད་བློན་དུ་མི་འོས་པའི་སྐྱོན་འཛུགས་བྱས་ཡོད་ཀྱང་། སྐབས་དེར་གྲོས་ཚོགས་འཐུས་མི་ ༤༠ ཡི་རྒྱབ་སྐྱོར་ཐོབ་སྟེ་སྲིད་བློན་གྱི་ལས་གནས་ནས་གནས་དབྱུང་གཏོང་ཐུབ་མེད་པ་རེད།

སོག་པོ་མི་མང་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལོ་ཧྥིག་སན་བན་ཌན་བྷོལ་ཌི་(Luvsanvandan Bold)ཡིས།  མི་ཁག་ཅིག་གིས་སྒྲིག་འཛུགས་ལྡན་པའི་ཐོག་ནས་ཉེ་བའི་ལོ་ ༡༠ ནང་གཞུང་གི་རིམ་པ་མི་འདྲ་བའི་ཐེབས་རྩ་ ༣༠  ཙམ་ཁེ་ལས་རབ་འབྲིང་མཐའ་གསུམ་གྱི་ཆེད་དུ་གཏོང་དགོས་རྣམས་རང་ཕྱོགས་སུ་ཁ་བསྒྱུར་ཡོད་སྟབས། གནད་དོན་འདི་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ནས་ངེས་པར་དུ་ཉེས་ཅན་ལ་ཆད་པ་གཅོད་དགོས་ཡོད། ཅེས་བརྗོད་ཡོད་པ་དང་།  ཚོགས་གཙོ་མི་ཡོ་གྷོམ་བྷན་ཨིན་ཁུ་བྷོ་ཌི་གནས་དབྱུང་གཏོང་སྐབས།  ངས་རང་ཉིད་ཀྱི་གོ་གནས་སྲུང་སྐྱོབ་ཆེད་འཁྲབ་སྟོན་འཁྲབ་ཀྱི་མེད་ཀྱང་། དཀའ་ངལ་འདི་ངེས་པར་དུ་ཁྲིམས་མཐུན་ངང་སེལ་དགོས་པ་རེད། ཅེས་སོག་པོའི་དམངས་གཙོ་ལྡན་པའི་གྲོས་ཚོགས་ལ་ཁྱད་གསོད་བྱས་ཡོད་སྐོར་སྐྱོན་བརྗོད་བྱས་འདུག

ད་ལྟའི་ཆར་སོག་པོ་ཕྱི་གསལ་ནང་གསལ་ལྡན་པའི་འཛམ་གླིང་རྒྱལ་ཁབ་ ༡༨༠ ཁྲོད་ཀྱི་ཨང་ ༩༣ པ་ཡིན་ནའང་། ཁེ་ལས་བའི་མ་དངུལ་ལྐོག་ཟ་བྱས་པའི་གནད་དོན་དེས་ཤུགས་རྐྱེན་ཐེབས་སྲིད་སྐོར་བརྗོད་ཀྱི་ཡོད་པ་མ་ཟད། གནད་དོན་དེས་སོག་པོའི་མི་མང་མགོ་འཐོམ་ཏུ་བཅུག་སྟེ་མང་ཚོགས་ནང་ཟིང་འཁྲུག་བསླངས་བ་དང་། གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གྲོས་ཚོགས་ལའང་ངོ་རྒོལ་སོགས་བྱས་ཏེ་གནས་ཚུལ་ཁ་གསལ་མ་བཟོས་བར་གྲོས་ཚོགས་ནང་མཉམ་ཞུགས་བྱེད་ཀྱི་མིན་པའི་ངོ་རྒོལ་བྱས་ཡོད་འདུགསོག་པོའི་དཔལ་འབྱོར་གྱི་ཁྲོམ་ར་སྤྱི་དང་ཕྱུག་བདག་ཁག་གི་མ་དངུལ་ལ་དབྱེ་ཞིབ་བྱེད་མཁན་སོག་པོའི་གསར་ཁང་(Cover Mongolia Newswire)ཞེས་པའི་སྤྱི་ཁྱབ་འགན་འཛིན་མོ་གྷི་བྷ་ཌི་རལ་བྷོན་ཊོ་(Mogi Badral Bontoi)ཡིས།  སྲིད་བློན་ཨོག་ན་གྷིན་ཁོ་རོལ་སོ་ཁི་ཡིས་ཚོགས་གཙོ་གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་པར་གྲོས་ཚོགས་ནང་ཁོ་ལ་ཡིད་ཆེས་མེད་པའི་འོས་བསྡུར་རྒྱལ་ཁ་ཐོབ་ཡོད་པ་དང་། དེའི་རྗེས་ཁོའི་ཕྱོགས་ཁག་གིས་རང་སྲུང་རྒྱལ་ཕམ་གྱི་ཆབ་སྲིད་བརྩིས་ཏེ་གཞུང་འཛིན་ཚོགས་པ་དང་ཁ་གཏད་སྲིད་དོན་ཚོགས་པ་གཉིས་སུ་ཡོད་པའི་རང་ཉིད་ཀྱི་ཁ་གཏད་པར་གདོང་ལེན་བྱེད་མགོ་བརྩམས་སོང་། དེ་ཡང་ཐོག་མར་ཁོས་མང་ཚོགས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་མི་ཡོ་གྷོམ་བྷན་ཨིན་ཁུ་བྷོ་ཌི་མིང་འབོད་བྱས་ཐོག སོག་པོའི་ཁྱིམ་ཚང་༣༠ ་ཞེས་ཁ་གཏད་སྲིད་དོན་པའི་འབྱོར་ལྡན་ཁྱིམ་ཚང་ཚོས་དཔོན་ངན་ཕྱོགས་སྒྲིག་གི་བྱུས་ངན་བཏོན་ཏེ།  སོ་སོའི་ཁྱིམ་ཚང་གི་དཔལ་འབྱོར་ཁེ་ཕན་སྲུང་སྐྱོབ་ཆེད་གཞུང་འཛིན་དབང་ཆ་བདག་བཟུང་བྱེད་འདོད་ཡོད་པའི་སྐྱོན་བརྗོད་བྱས་སོང་། དེ་ནས་རིམ་བཞིན། སྲིད་བློན་ཨོག་ན་གྷིན་ཁོ་རོལ་སོ་ཁི་ཡི་ཕྱོགས་ཁག་གིས་ཕྱི་ལོ་ ༢༠༡༦ ལོའི་གྲོས་ཚོགས་འོས་བསྡུའི་ཁྲོད། ཚོགས་གཙོ་མི་ཡོ་གྷོམ་བྷན་ཨིན་ཁུ་བྷོ་ཌི་ཡིས་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་འཛུགས་བྱས་ཏེ་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་སྐད་འབོད་བྱས་ཡོད་པ་རེད། ཅེས་བརྗོད་འདུག

ཁོ་ལོམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་གི་སོག་པོའི་སྐོར་གྱི་ཆེད་མཁས་པ་སློབ་དཔོན་ཆེན་པོ་ཇོ་ལི་ཡན་ཌིར་ཁེས་(Julian Dierke)ལགས་ཀྱིས། ཁེ་ལས་པའི་མ་དངུལ་ལྐོག་ཟ་བྱས་པའི་རྙོག་ཟིང་ཁྲོད་མང་ཚོགས་ནང་ཆེས་མཐོའི་དཔོན་རིགས་ཚོ་ཚུད་ཡོད་པར་ཁོ་ཁྲོང་ཆེན་པོ་བསླངས་ཤིང་། གནད་དོན་འདིས་སྲིད་བློན་ཁོ་རོལ་སི་ཁི་ཡིས་ཡུན་རིང་རེ་སྒུག་བྱས་པའི་ཚོགས་གཙོ་ཨིན་ཁུ་བྷོ་ཌི་གནས་དབྱུང་གི་གནད་དོན་མངོན་འགྱུར་བྱུང་ཐུབ་ཡོད། ཅེས་དང་། ཚོགས་གཙོ་ཨིན་ཁུ་བྷོ་ཌི་ལགས་ཀྱི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེ་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་སྐབས་ནས་ཡོད་ཀྱང་། གཙོ་བོ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ནི་ཆབ་སྲིད་རྩོད་རྙོག་འོག་ཡུན་རིང་ལྷག་གི་ཡོད་པས། ཚོགས་གཙོ་ཨིན་ཁུ་བྷོ་ཌི་ནས་ཉེས་འཛུགས་ངོས་ལེན་མ་བྱས་པ་ཙམ་ལས་གཙང་སེལ་བཟོས་མེད་པ་རེད། དེ་བས་ད་རེས་ཁོ་ལས་གནས་ནས་གནས་དབྱུང་གཏོང་དགོས་བྱུང་བ་རེད། ཅེས་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༢/༠༢

Leave a Reply