རྒྱ་རིགས་སློབ་མ་གསང་མྱུལ་བ་ཚོར་རྩད་གཅོད་ནན་པོ་བྱ་རྒྱུ་ཡིན།

ཨ་རིའི་གསང་བ་ལས་ཁུངས་ནས་ཨ་རིའི་ནང་རྒྱ་རིགས་སློབ་མའི་གསང་མྱུལ་གྱི་གནད་དོན་དེ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པའི་ཉེན་བརྡ་བཏང་འདུགསི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཨ་རིའི་གསང་བ་ལས་ཁུངས་ནས་མི་མང་ལ་གོ་རྟོགས་སྤེལ་ཆེད། རྒྱ་ནག་གཞུང་གིས་གསང་བའི་ཐོག་ནས་ཨ་རིའི་ནང་མཐོ་སློབ་འགྲིམ་བཞིན་པའི་རྒྱ་རིགས་སློབ་མ་མི་ཉུང་བ་ཞིག་ལ་ཨ་རིའི་གཞུང་འབྲེལ་གསང་བ་དང་། ཨ་རིའི་ཤེས་རིག་ལག་རྩལ་རྣམས་བརྐུ་འཁྱེར་བྱེད་ཏུ་འཇུག་གི་ཡོད་སྐོར་ཡོངས་བསྒྲགས་གནང་བ་དང་འབྲེལ། གསང་མྱུལ་བ་དེ་དག་རྩད་གཅོད་ཐུབ་རྒྱུར་འབད་བརྩོན་སྔར་ལྷག་བྱེད་ཀྱི་ཡོད་པ་དང་།  ཨ་རིའི་གཙུག་ལག་སློབ་གཉེར་ཁང་དག་གིས་ཀྱང་དེ་འབྲེལ་གྱི་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་འདུག

ཨ་རིའི་གསང་བ་ལས་ཁུངས་ཀྱི་མི་སྣས་བརྗོད་པ་ལྟར་ན། ཨ་རིའི་ནང་ལོ་ལྟར་ཆ་སྙོམ་བྱས་ན་རྒྱ་ནག་གི་སློབ་མ་འབུམ་ ༣ དང་ཁྲི་ ༥ ཙམ་འབྱོར་གྱི་ཡོད་པ་དང་། ཁོ་ཚོས་སློབ་གཉེར་གྱི་དུས་ཡུན་རིང་ཨ་རིའི་གཙུག་ལག་སློབ་གཉེར་ཁང་དང་སྤྱི་གཉེར་ཁང་སོགས་ནས་པེ་ཅིན་གཞུང་ལ་ཁེ་ཕན་བསྐྲུན་ཐུབ་པའི་གནས་ཚུལ་ཡོད་ཚད་མཁོ་སྒྲུབ་བྱེད་ཀྱི་ཡོད་འདུག ཡིན་ན་ཡང། ཨ་རིའི་གསང་བ་ལས་ཁུངས་ལ་མཚོན་ན། ཨ་རིའི་ནང་གི་རྒྱ་རིགས་སློབ་མའི་གྲངས་འབོར་མང་དྲགས་པའི་རྐྱེན་གྱིས། ཨ་རིའི་སློབ་གཉེར་གྱི་རང་དབང་ཁོར་ཡུག་དང་རྒྱལ་ཁབ་ཀྱི་བདེ་སྲུང་གཉིས་བར་སྙོམ་སྒྲིག་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་དང་།  རྒྱ་ནག་གཞུང་གིས་རང་གི་མི་སེར་སློབ་མ་རྣམས་ཨ་རིར་གསང་མྱུལ་དུ་གཏོང་གི་ཡོད་པ་དེ། ཁོ་ཚོས་ཨ་རིའི་སྤྱི་གཉེར་ཁང་དང་བཟོ་གྲྭ་རྣམས་ཉམས་དམས་སུ་གཏོང་བ་དང་། ཨ་རིའི་ཤེས་རིག་ལག་རྩལ་རྣམས་བརྐུ་འཁྱེར་གྱིས་རྒྱལ་སྤྱིའི་སྟེང་ཨ་རིའི་ཤུགས་རྐྱེན་མེད་པར་བཟོས་ཏེ། རང་གི་མངོན་འདོད་དང་ཁེ་ཕན་སྒྲུབ་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་རིའི་ཁྲིམས་ཞིབ་ལྷན་ཁང་གིས་ཅི་ཁྲོ་ཆུན་(Ji Chaoqun) ཟེར་བའི་རྒྱ་རིགས་སློབ་མ་ཞིག་གིས། རྒྱ་ནག་བདེ་སྲུང་ལྷན་ཁང་གི་མཐོ་རིམ་གསང་བའི་མི་སྣ་ཞིག་དང་ཁྲིམས་མཐུན་མིན་པའི་སྒོ་ནས་འབྲེལ་བ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སློབ་མ་དེའི་ནག་ཉེས་ར་སྤྲོད་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཡང་བསྐྱར་ཁྲིམས་ཁང་ནང་ཉན་ཞིབ་བྱ་འཆར་ཡོད་ལ། ཅི་ཁྲོ་ཆུན་མཉམ་དུ་རྒྱ་ནག་དང་ཐའེ་ཝན་ནས་ཡིན་ཞིང་། ཕྱིས་སུ་ཨ་རིའི་མི་སེར་ལག་འཁྱེར་བླངས་བའི་མི་ ༨ ཀྱང་གསང་མྱུལ་གྱི་དོགས་གཞིར་བཟུང་སྟེ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་འདུག

དེ་ཡང་ཨ་རིའི་རྒྱལ་ཡོངས་གསང་མྱུལ་རྒོལ་རྡུང་དང་བདེ་སྲུང་ལས་ཁུངས་ (National Counterintelligence and Security Centre) ཀྱི་འགན་འཛིན་ཝི་ལེམ་ཨི་ཝ་ནི་ན་(William Evanina) ཡིས། ང་ཚོས་ལོ་ལྟར་རྒྱ་རིགས་སློབ་མ་འབུམ་ ༣།༥ ཡས་མས་ཤིག་ལེན་གྱི་ཡོད། དེ་ནི་ཧ་ཅང་མང་པོ་རེད། ང་ཚོར་དེའི་ཐད་ལ་སྲིད་བྱུས་གུ་ཡངས་པོ་ཡོད། འདིར་ཡོད་པའི་རྒྱ་རིགས་སློབ་མ་བརྒྱ་ཆ་ ༩༩།༩ རྣམས་ཀྱིས་ཞིབ་འཇུག་ལེགས་པོ་བྱས་ཏེ་གོ་ལའི་དཔལ་འབྱོར་ལ་ཕན་ཐོགས་ཀྱི་ཡོད། ཡིན་ན་ཡང་། རྒྱ་ནག་གཞུང་གིས་དེ་ལག་ཆར་བཀོལ་ནས་ཨ་རིའི་ནང་ལུགས་མཐུན་མིན་པའི་བྱ་བ་སྤེལ་གྱི་ཡོད། ཅེས་བརྗོད་ཡོད་འདུག

འདས་ལོ་ནས་བཟུང་སྲིད་འཛིན་ཊོམ་ཕུ་འཛིན་སྐྱོང་གིས་རྒྱ་ནག་གིས་ཨ་རིའི་ས་ནས་བཟོ་སྐྲུན་ལག་རྩལ་དང་། དཔལ་འབྱོར་ཤེས་བྱ་བརྐུ་འཁྱེར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་མུས་ཡིན་པ་དང་། འདས་ལོའི་ཕྱི་ཟླ་ ༡༢ ནང་སྲིད་འཛིན་ཊོམ་ཕུ་ལགས་དང་ཞི་ཅིན་ཕིན་གཉིས་ཀྱིས་གྲོས་མོལ་བརྒྱུད་ཟླ་ ༣ རིང་གནས་སྐབས་ཚོང་དམག་མཚམས་འཇོག་བྱེད་རྒྱུའི་གྲོས་ཆོད་བཞག་པའི་ཐོག སྲིད་འཛིན་ཊོམ་ཕུ་ཡིས་གལ་ཏེ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ གོང་ལ་ཕྱོགས་གཉིས་བར་ཚོང་དོན་འགྲིག་མཐུན་མ་བྱུང་ཚེ། རྒྱ་ནག་གི་ཨ་སྒོར་ཐེར་འབུམ་ ༢༠༠ ཡི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་ ༡༠ ནས་ ༢༥ ལ་སྤར་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་སྟབས། ད་བར་ཨ་རྒྱའི་ཚོང་དོན་སྐུ་ཚབ་བར་གྲོས་མོལ་ཐེངས་གཉིས་ཙམ་བྱས་ཡོད་ཀྱང་། གྲུབ་འབྲས་དམིགས་བསལ་ཞིག་ཐོན་མེད་པ་མ་ཟད། ཨ་རིས་གྲོས་མོལ་གཉིས་ཀའི་ནང་རྒྱ་ནག་གིས་ཨ་རིའི་བཟོ་བསྐྲུན་ལག་རྩལ་སོགས་བརྐུ་འཁྱེར་བྱས་ཏེ་ལུགས་མཐུན་མིན་པའི་ཚོང་དོན་གཉེར་བཞིན་པའི་སྐྱོན་བརྗོད་དྲག་པོ་བྱས་ཡོད་སྟབས། ཕྱོགས་གཉིས་བར་གནད་དོན་དེར་འགྲིག་མཐུན་ཐག་གཅོད་མ་བྱུར་བར་ཨ་རྒྱའི་ཚོང་དམག་དེ་ཇེ་ཆེར་འགྲོ་སྲིད་པ་དང་། དེའི་རྐྱེན་གྱིས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་ཡང་ཉམས་རྒུད་དུ་འགྲོ་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༢/༠༣

Leave a Reply

One thought on “རྒྱ་རིགས་སློབ་མ་གསང་མྱུལ་བ་ཚོར་རྩད་གཅོད་ནན་པོ་བྱ་རྒྱུ་ཡིན།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཨ་རྒྱའི་འབྲེལ་ལམ་ཇི་ཞན་ཇི་སྡུག་རེད།
    ཨ་རྒྱའི་འཐབ་རྩོད་རྣོ་ངར་སུ་ཆེ་རེད།
    ཨ་རྒྱའི་དམག་དཔུང་སྟོབས་ཤུགས་སུ་ཆེ་རེད།
    ཨ་རྒྱ་མཐུན་པའི་ཆབ་སྲིད་སུ་གི་གླེང།