བོད་མིར་ཞི་བདེ་དང་མཐུན་སྒྲིལ་གྱི་གཟེངས་རྟགས་གནང་།

ཨ་རིའི་སྒྱུ་རྩལ་ཚོགས་པ་ཞིག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་ཞི་བདེ་དང་མཐུན་སྒྲིལ་གོང་སྤེལ་གཏོང་བཞིན་པར་ཆེད་བསྟོད་ཀྱི་གཟེངས་རྟགས་གནང་།དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཨ་རིའི་སྒྱུ་རྩལ་ཚོགས་པ་(Art 4 Peace)ཡིས་མཛད་སྒོ་བསྡུས་ཏེ།  ཚོགས་པ་དེའི་འདི་ལོའི་ལོ་འཁོར་གཟེངས་རྟགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་གནང་ཡོད་པ་དང་། གཟེངས་རྟགས་གནང་བའི་མཛད་སྒོའི་སྟེང་འཛམ་གླིང་གི་རྒྱལ་ཁབ་མང་པོའི་མི་སྣ་དང་། གཞུང་ཚབ་པ། ཤེས་ཡོན་པ། སྒྱུ་རྩལ་བ་སོགས་ཕེབས་ཡོད་པ་དང་། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནས་གཟེངས་རྟགས་དེ་ཞུས་ཡོད་འདུག

མཛད་སྒོའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྒྱུ་རྩལ་ཚོགས་པ་དེར་བསྩལ་གནང་བའི་བཀའ་སློབ་ཅིག་སྒྲོག་སྦྱངས་གནང་བའི་ནང་། སྒྱུ་རྩལ་ཚོགས་པའི་གཟེངས་རྟགས་གོ་སྒྲིག་པ་ཡོངས་ནས་འཛམ་གླིང་ནང་ཞི་བདེ་གོང་མཐོར་གཏོང་བཞིན་པར་རྗེས་སུ་ཡིད་རང་གནང་བ་དང་སྦྲགས། སྒྱུ་རྩལ་ཚོགས་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་གཟེངས་རྟགས་ཕུལ་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་འདུག

དེ་བཞིན་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་ནས་གཟེངས་རྟགས་འབུལ་བཞེས་དང་འབྲེལ་གསུང་བཤད་གནང་དོན། གཟེངས་རྟགས་འདི་ལྟ་བུ་ཞིག་གནང་བར་གཞིས་བྱེས་བོད་མིའི་ཚབ་ཞུས་ཏེ་གོ་སྒྲིག་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།  བོད་མི་ཚོར་མཚོན་ན། སྒྱུ་སྩལ་ཚོགས་པས་ཐེངས་འདིར་གཟེངས་རྟགས་འདི་ལྟ་བུ་ཞིག་གནང་བ་དེ་ནི་ཧ་ཅང་དགའ་སྤོབས་སྐྱེ་འོས་པ་ཞིག་ཡིན་ལ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་དང་རྣམ་པ་ཀུན་དུ་འཛམ་གླིང་སྟེང་འཚེ་མེད་ཞི་བདེའི་གལ་གནད་སྐོར་བཀའ་སློབ་སྩལ་དང་སྩོལ་བཞིན་ཡོད་སྐོར་གསུངས་ཡོད་འདུག

ཐེངས་འདིར་གཟེངས་རྟགས་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་ཞི་བདེ་དང་མཐུན་སྒྲིལ་གོང་སྤེལ་ཐོག་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་མིག་དཔེར་འོས་པ་ཞིག་ལ་ངོས་འཛིན་གནང་སྟེ་ཕུལ་ཡོད་པ་དང་། སྒྱུ་རྩལ་ཚོགས་པ་དེས་ཕྱི་ལོ་ ༢༠༡༦ ནས་ལོ་ལྟར་སྤྱི་ཚོགས་ཞབས་ཞུ་བ་དང་ཞི་བདེའི་སྣེ་ཁྲིད་མཁན་ཚོགས་སྒེར་སོགས་ལ་སྒྱུ་རྩལ་གྱི་ཞི་བདེའི་གཟེངས་རྟགས་དེ་གནང་བཞིན་ཡོད་འདུག

གསར་འགོད་པ་སངས་རྒྱས་དཀོན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

བསྐྱར་བཅོས།: ༢༠༡༩/༠༢/༠༤

Leave a Reply